ཀུན་སྤྱོད་བཟང་པོ་དགོས་པའི་སྐོར།

འབྲས་བུ་སྡུག་བསྔལ་དེའི་རྒྱུ་ཉོན་མོངས་པ་སྐྱེ་བའི་ཀུན་སློང་དང༌། ཀུན་སློང་དེ་ལས་སྐྱེས་པའི་སྤྱོད་པ་ཡིན་ན་ཀུན་སྤྱོད་སྡུག་པོ་ཞིག་རང་བཞིན་གྱིས་ཆགས་བསྡད་ཀྱི་ཡོད་རེད། རབ་ན་རང་གཞན་གཉིས་ཀ་འབྲས་བུ་བདེ་བ་དང་དེའི་རྒྱུ་དགེ་བ་བསྐྱེད་ཐུབ་པ་ཡིན་ན། དེ་ཀུན་སྤྱོད་བཟང་པོ་ཡིན་པ་བཤད་མ་དགོས་པ་རེད། དེ་ལྟ་བུ་མ་བྱུང་བ་དང༌། འབྲས་བུ་བདེ་བ་དང་རྒྱུ་དགེ་བ་བསྐྱེད་མ་ཐུབ་པ་ཡིན་ནའང་འབྲས་བུ་སྡུག་བསྔལ་དང་དེའི་རྒྱུ་ཉོན་མོངས་པ་མ་བསྐྱེད་པ་ཞིག་ལ་ཕལ་ཆེར་ཀུན་སྤྱོད་བཟང་པོ་ཟེར་གྱི་རེད། སེམས་ལ་དེ་འདྲའི་སྒྲོམ་ཞིག་ཡོད་པ་ཡིན་ན། ཏན་ཏན་ཀུན་སྤྱོད་བཟང་ངན་གྱི་བླང་དོར་འབྱེད་ཤེས་ཀྱི་རེད་མ་གཏོགས། ཀུན་སྤྱོད་བཟང་ངན་གྱི་ས་མཚམས་འདྲ་བོ་རྩ་བ་ནས་མ་ཤེས་པ་ཡིན་ན། མཚམས་མཚམས་ཀུན་སྤྱོད་ངན་པ་དེ་བཟང་པོ་རེད་བསམ། མཚམས་མཚམས་ཀུན་སྤྱོད་བཟང་པོ་དེ་ངན་པ་རེད་བསམ་པ་དེ་འདྲ་ཡོང་སྲིད་ཀྱི་རེད། ཀུན་སྤྱོད་ཟེར་ན་ཚུལ་ཁྲིམས་དང་དོན་གཅིག་པ་རེད། ཚུལ་ཁྲིམས་དེ། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། ཞེས་རྒྱལ་བའི་བསྟན་པའི་གཞི་མ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས། ཚུལ་ཁྲིམས་དེ་དཔེ་གལ་ཆེན་པོ་རེད།    ཚུལ་ཁྲིམས་སྲུང་མཁན་དེ་ཡིན་ནའང་བསྟན་པའི་ཆོས་སྒོར་ཞུགས་པ་ལ། རབ་བྱུང་ངུར་སྨྲིག་གི་སྡེ་དང༌། གོས་དཀར་ལྕང་ལོ་ཅན་གྱི་སྡེ་རྣམ་པ་གཉིས་ཡོད་པ་རེད། རབ་བྱུང་ངུར་སྨྲིག་གི་སྡེ་དེ་ལ་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱིར་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བ་ན། ཆོས་གོས་ཟླུམ་པོ་བགོ་བར་བྱའོ། ཞེས་གསུངས་པ་ནས་བཟུང༌། གོས་ཀྱི་རྣམ་གཞག གོས་གྱོན་སྟངས་ལ་སོགས་པ་ཕུན་སུམ་ཚོགས་པ་ཡོད་བསྡད་པ་ཞིག་རེད། དེ་ག་ནང་བཞིན་འདུལ་བ་ཡུལ་དུས་དང་བསྟུན་པའི་ཐོག་ནས། བོད་གངས་ཅན་གྱི་ལྗོངས་སུ་སྔར་གྱི་འདུལ་བ་འཛིན་པ་ཆེན་པོ་རྣམས་ཀྱིས་ཡུལ་སྲོལ་དང་བསྟུན་པའི་ན་བཟའ་ཞིག་གཏན་འབེབས་གནང་ཡོད་པ་རེད། དེས་མ་འཐུས་པ་དང༌། མ་ཚང་བ་ཞིག་གང་ཡང་ཡོད་མ་རེད། དེས་འགྲིག་བསྡད་ཀྱི་ཡོད་པ་རེད། དེང་སང་རང་དབང་དང༌། ཐོབ་ཐང་ཡིན་ཞེས་སྐད་ཆ་མང་པོ་ཞིག་བཤད། ལས་ཀ་མང་པོ་བྱེད་ཡོང་བ་ཡིན་དུས་རབ་ཏུ་བྱུང་བའི་གང་ཟག་རྣམས་ཀྱང་རང་དབང་ཡིན། ཐོབ་ཐང་ཡིན་ཞེས་སྐད་ཆ་འདྲ་མི་འདྲ་བཤད། གོས་འདྲ་མི་འདྲ་གྱོན་ཡོང་བ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཏན་འབེབས་གནང་བཞག་པའི་རྣམ་གཞག་དང་འགལ་འགྲོ་ཡི་ཡོད་པ་རེད། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གོས་རྣམ་གསུམ་དེ་རབ་བྱུང་གི་གོས་རེད། དེ་མ་ཡིན་པ་དེ་ཚོ་ཁྱིམ་པའི་གོས་རེད་ཅེས་གཏན་འབེབས་བྱས་ཡོང་བའི་སྐབས་སུ་དགོས་པ་གཞན་དག་ཡོད་པ་རེད་དེ། གཙོ་བོ་དེ་ཁྱིམ་པ་དང་རབ་བྱུང་ཐ་དད་ཡོང་ཆེད་མཛད་ཡོང་བ་ཞིག་རེད། གལ་སྲིད་འདྲ་མི་འདྲ་གྱོན། འདྲ་མི་འདྲ་བྱས་ཡོང་བ་ཡིན་ན། འདི་ཁྱིམ་པ་ཡིན། འདི་དགེ་སློང་ཡིན་རྩ་བ་ནས་ཧ་མ་གོ་བ་ཡོང་རྒྱུའི་ཉེན་ཁ་ཡོད། དེ་འདྲ་ཡིན་དུས་ཁྱིམ་པའི་གོས་དང་རབ་བྱུང་གི་གོས་དེ་ལ་དབྱེ་འབྱེད་འདྲ་བོ་ཞིག་མེད་པ་ཡིན་ན་འགྲིག་གི་མེད་པ་རེད། རབ་བྱུང་གི་སྡོམ་པ་ཐོབ་པའི་སྐབས་སུ་ཀུན་སློང་དེ་གལ་ཆེན་པོ་ཡིན་ཞེས་གསུངས་ཡོད་པ་རེད་དེ། ཡིན་ནའང་ཆོས་གོས་གྱོན་སྟངས་དང༌། ཆོས་གོས་ཀྱི་ཚད་གཞི་དེ་ཚོ་ལའང་བསམ་པ་གལ་ཆེན་པོ་རེད། དམིགས་པ་གལ་ཆེན་པོ་རེད་ཅེས་བཤད་ནས། ཆོས་གོས་དང་ལྷུང་བཟེད་དེ་དག་ཚང་མ་བློས་བཏང་བཞག་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། དེ་ཚོ་ཚུལ་ཁྲིམས་གཙང་བའི་མཐུན་རྐྱེན་ཡིན་པས་དེ་ཚོ་ཡིན་ནའང་ཡག་པོ་བྱེད་དགོས། དེ་ག་ནང་བཞིན་རབ་བྱུང་ངུར་སྨྲིག་གི་སྡེའི་སྤྱོད་ལམ་ལ་ཆ་བཞག་པ་ཡིན་ནའང༌། རབ་བྱུང་ངུར་སྨྲིག་གི་སྡེའི་ནང་ནས་མཆོག་ཏུ་གྱུར་པ་དགེ་སློང་ཡིན་པ་རེད། དགེ་སློང་ལ་སངས་རྒྱས་བཅོམ་ལྡན་ཀྱིས་འདུལ་བའི་ནང་ཁྲིམས་ཉིས་ལྔ་བཅུ་ང་གསུམ་གསུངས་ཡོད། དགེ་ཚུལ་རབ་བྱུང་རྣམས་ཀྱིས་བསླབ་པ་ཡིན་ནའང་མང་པོ་གསུངས་ཡོད་རེད། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུའང་དགེ་སློང་རབ་བྱུང་རྣམས་ཀྱི་སྤང་བླང་མང་པོ་གསུངས་ཡོད་རེད། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུའང་དགེ་སློང་རྡོ་རྗེ་འཛིན་པ་དང༌། དགེ་ཚུལ་རྡོ་རྗེ་འཛིན་པ་སོགས་རབ་བྱུང་གི་རྡོ་རྗེ་འཛིན་པ་རྣམས་ཀྱི་སྐབས་སུ་མང་པོ་གསུངས་ཡོད་རེད། མང་པོ་གསུངས་ཡོད་པ་དེ་ཚོ་སྡོམ་ཚིག་འདྲ་བྱས་ཏེ་བློ་ལ་འཛིན་བདེ་བོ་བྱས་པ་ཡིན་ན། ཞི་དུལ་བག་ཡོད་དེ་ལ་ཕལ་ཆེར་ཚང་བསྡད་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་ཞི་དུལ་བག་ཡོད་དེ་གལ་ཆེན་པོ་རེད། གཞན་གོས་དེ་ཆོས་གོས་རྣམ་གསུམ་གྱོན། སྤྱོད་ལམ་དེ་མི་རྒོད་འདྲ་པོ་ཞིག་བྱས་ནས་ཕྱིན་པ་ཡིན་ན། ནོར་བཟང་གི་ལྷ་མོའི་ནང་ཨ་མཆོད་ཧ་རི་ནག་པོ་འདྲ་ཞིག་མ་གཏོགས། བླ་མ་གྲྭ་པའི་སྤྱོད་ལམ་འདྲ་པོ་ཞིག་རྩ་བ་ནས་མེད་བསྡད་པ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། དེ་འདྲ་ཡིན་དུས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་བླ་མ་གྲྭ་པའི་སྤྱོད་ལམ་མཛེས་པོ་ཞིག་དང༌། ཁྲིམས་དང་མཐུན་པ་ཞིག་གནང་ན་ཞེ་དྲག་ཡག་པོ་རེད། དེ་རབ་བྱུང་ངུར་སྨྲིག་གི་སྡེའི་སྐོར་ཡིན།
    གོས་དཀར་ལྕང་ལོའི་ཅན་གྱི་སྡེ་ཡིན་ན་ཡང་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ནས་བཟུང་སྔགས་པ་ལ་སྔགས་པའི་ཆས་ཤིག་གཏན་འབེབས་ཡོད་པ་ཞིག་རེད། བོད་ལ་ཡིན་ནའང་གསང་སྔགས་བསྟན་པ་དར་བ་ནས་བཟུང་ཡོད་བསྡད་པ་ཞིག་རེད། ན་བཟའ་སྔར་ཡོད་དེ་དག་གིས་འགྲིག་བསྡད་ཀྱི་ཡོད་པ་རེད། ཡང་སྔགས་འཆང་ཁ་ཤས་ཤིག་གིས་སྔགས་པའི་ཆས་དེ་མ་གྱོན་པར་མི་སྐྱ་དེ་འདྲའི་ཆས་གོས་གྱོན་ཡོང་བ་དེ་ཡང་ཏོག་ཙམ་མི་འཐད་པ་རེད། གང་ཡིན་ཟེར་ན་མི་སྐྱ་དང་སྔགས་པ་དེ་གཉིས་ཆོས་སྒོ་ལ་ཞུགས་མ་ཞུགས་ཀྱི་ཁྱད་པར་ཡོད་རེད། ཁྱད་པར་དེ་ཡིས་རྣམ་པ་དེ་ཡང་འབྱེད་དགོས་པ་ཡིན་དུས། ཆ་ལུགས་ལ་མི་འདྲ་བ་དང་པོ་ནས་ཡོད་བསྡད་པ་བྱེད་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་འདུག ཡང་ཁ་ཤས་ཤིག་ནི་ཧམ་པ་ཚ་ཟེར་ནའང་འདྲ། དེང་དུས་ཡིན་ནའང་འདྲ། གང་ལྟར་བཟའ་ཟླ་དང་ཕྲུ་གུ་ཡོད་བཞིན་དུ་ཆོས་གོས་རྣམ་གསུམ་གྱོན་བསྡད་པ་དེ་འདྲ་ཡོང་གི་འདུག དེ་སངས་རྒྱས་ཀྱི་བསྟན་པ་དང་རབ་བྱུང་ངུར་སྨྲིག་གི་སྡེ་ལ་དམའ་འབེབས་ལྟ་བུ་ཆགས་ཡོད། གང་ཡིན་ཟེར་ན། ཆོས་གོས་རྣམ་གསུམ་རབ་བྱུང་གིས་བཞེས་རྒྱུའི་ན་བཟའ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་ཡིས་བཅས་པ་གནང་བཞག་པ་ཞིག་རེད། དེ་བཟའ་ཟླ་དང་ཕྲུ་གུ་ཡོད་མཁན་ཞིག་གིས་གྱོན་ཡོང་བ་ཡིན་ན་གཞན་གྱིས་མཐོང་ཚུལ་ལ་ཆོས་གོས་རྣམ་གསུམ་གྱོན་མཁན་གཞན་དག་ཀྱང་ཕལ་ཆེར་དེ་དང་གཅིག་པ་ཡིན་ས་རེད་བསམ་སྟེ་ཁྱིམ་པ་སུན་འབྱིན་གྱི་ལས་འདྲ་པོ་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་གང་ཟག་གཅིག་གི་སྐྱོན་དེ་གང་ཟག་མང་པོ་ཞིག་ལ་གནོད་པ་ཆགས་ནས། རྒྱལ་བའི་བཀའ་དང་འགལ་བ། སོ་སོ་ལ་མཚན་སྨད་ཡོང་གཞི་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཅས་ཁྲིམས་དང་མི་འགལ་བར་གནང་བ་དེ་ཞེ་དྲག་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཡིན་ནའང་སོ་སོས་ཆས་དེ་གྱོན། སྤྱོད་པའི་སྐོར་ཡིན་ནའང་སྔགས་འཆང་གི་སྤྱོད་པ་མང་པོ་ཡོད་རེད་དེ། མདོར་བསྡུས་ན་ད་ལྟ་གོང་དུ་ཞུས་པ་བཞིན་ཞི་དུལ་བག་ཡོད་དེའི་ནང་དུ་འདུས་འགྲོ་ཡི་ཡོད་པ་རེད། སྤྱིར་བཏང་ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུ་དེ་ཉོན་མོངས་ཆུང་དུ་འགྲོ་བ་དེ་ཆགས་བསྡད་ཀྱི་ཡོད་པ་རེད།
    ཁ་ཤས་ཀྱིས་བསམ་པར་སྔགས་པས་མི་དགེ་བ་བྱས་ཀྱང་ཉེས་མེད་ཡིན་ནམ་དྲན་པ་ནི་བཀའ་དང་འགལ་བ་རེད། རབ་བྱུང་དང་ཁྱིམ་གནས་ཀྱི་ཁྱད་པར་ལས། དགེ་སྡིག་སྤང་བླངས་བྱེད་དགོས་པ་ལ་འདྲ་འདྲ་ཡིན། ཡང་ཁ་ཤས་ཀྱི་སྔགས་འཆང་མི་སྐྱ་ཕོ་མོ་ལས་སྡུག་པ་ཞིག་ཏུ་བརྩི་ཡི་འདུག དེ་ཡང་ནོར་འཁྲུལ་རེད། སྤྱིར་སེམས་ཅན་རང་གི་ངོས་ནས་ཚང་མ་ལ་ཁྱད་མེད་ཅིག་ཡིན་ཡང༌། བསྟན་འགྲོར་ཞུགས་མ་ཞུགས་ཀྱི་ཆ་ནས་བཤད་ན་རབ་བྱུང་མཆོག་གྱུར་ཡིན་པ་བཤད་མ་དགོས་པའི་ཐོག དེའི་མཚམས་སྔགས་འཆང་བ་དེ་བསྟན་སྒོར་ཞུགས་ཙང་ཐ་མལ་པ་ལས་དྲག་གི་རེད། མདོར་ན་ནང་ཆོས་དང་འབྲེལ་བ་ཐོགས་པའི་གང་ཟག་རྣམས་བསམ་སྤྱོད་གང་ཐད་ནས་ཡག་གི་རེད་ལ། སོ་སོས་སོ་སོ་གཅུན་ཏེ་ཡག་པོ་ཞིག་བྱེད་རོགས་གྱིས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

Share this:
༢༡༣ ཀློག་གྲངས།