རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཨ་རིར་སྐོར་བསྐྱོད་ལ་འབྱོར་བ།

ཟླ་འདིའི་ཚེས་༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཨ་རིའི་གྲོང་ཁྱེར་ཝོ་ཤིང་ཊོན་ནང། ཉིན་གྲངས་བཞིའི་རིང་གི་སྐོར་བསྐྱོད་ལ་འབྱོར་ཡོད་པ་དང། སྐབས་དེར་བོད་མི་ཚོ་གཙོ་བོར་གྱུར་པའི་ཡུ་གུར་མི་རིགས་དང། ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་མི། རྒྱ་ནག་མང་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱལ་དར་དང་འཕྲེད་དར། སྲིད་འཛིན་ཧུའུ་ཡི་པར་རིས་སོགས་ལག་ཏུ་འཁྱེར་ནས་ངོ་རྒོལ་བྱས་ཡོད་པ་དང། དེ་དང་མཉམ་དུ་སྲིད་འཛིན་ཧུའུ་ལ་དགའ་བསུ་ཞུ་མཁན་རྒྱ་རིགས་སློབ་མ་དང་། ཨ་རིར་ཡོད་པའི་རྒྱ་རིགས་ཚོས་རྒྱལ་དར་འཕྱར་ནས་དགའ་བསུ་ཞུས་ཡོད་པས། དགའ་བསུ་དང་ངོ་རྒོལ་གྱི་སྐད་སྒྲས་སྲིད་འཛིན་ཧུའུ་ལ་སྣེ་ལེན་བྱས་ཡོད་པ་རེད།

tibetan strugle in usaད་ཐེངས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཨ་རིར་ཉིན་གྲངས་༤ རིང་སྐོར་བསྐྱོད་བྱེད་དོན་ནི། ཨ་རྒྱ་གཉིས་ཀྱི་དམག་དོན་མཛའ་འབྲེལ་དང་གོ་མཚོན་ཉོ་ཚོང་གི་འབྲེལ་ལམ་ཆད་ཡོད་པ་བསྐྱར་གསོ་བྱེད་རྒྱུ་དང།  དངུལ་ལོའི་འཛའ་ཐང་སྟངས་འཛིན། ཚོང་འབྲེལ་ལུགས་མཐུན། འགྲོ་བ་མིའི་ཐོབ་ཐང་། ཐེ་ཝན་གྱི་གནད་དོན་བཅས་ལ་གྲོས་མོལ་བྱེད་རྒྱུ་གཙོ་བོར་ཆགས་ཀྱི་ཡོད་པ་དང། དེ་དང་འབྲེལ་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་དང་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་འཁོན་འཛིན་ཞི་འཇམ་ཡོང་ཐབས་སུ། གྲོས་མོལ་བྱེད་རྒྱུར་ཚོད་དཔག་བྱེད་མཁན་ཡང་བྱུང་ཡོད་པ་རེད། ཟླ་འདིའི་ཚེས་༢༠ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྒེར་གྱི་ཐོག་ནས། སྲིད་འཛིན་ཧུའུ་ལ་ཕོ་བྲང་དཀར་པོའི་ནང་དགོང་དྲོའི་གསོལ་ཚིགས་འབུལ་རྒྱུ་ཡིན་པ་རེད།

གསར་འགྱུར་དབྱེ་ཞིབ་པ་ཚོས། ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཨ་རིར་སྐོར་བསྐྱོད་བྱས་པ་འདི་ནི། ཨ་རྒྱ་ཕྱོགས་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད་པ་དང། དེ་ཡང་ཨ་རིའི་ནང་དེང་སྐབས་དཔལ་འབྱོར་ཉམས་གུད་ཀྱི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་ཅིང། རྒྱ་ནག་ལ་མཚོན་ན། རྒྱ་ནག་ཡར་རྒྱས་དངུལ་ཁང་དང་རྒྱ་ནག་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས། འདས་པའི་ལོ་གཉིས་ཀྱི་ནང་འཛམ་གླིང་རྒྱལ་ཁབ་ཆེ་ཁག་ལ་དངུལ་བུན་བཏང་ཚད་དེ། འཛམ་གླིང་དངུལ་ཁང་ལས་མང་བ་ཆགས་ཡོད་པས། དེའི་ཚོད་ཀྱིས་རྒྱ་ནག་གི་སྟོབས་ཤུགས་དང་། དངུལ་བུན་གཏོང་སའི་ལུང་པ་དེ་དང་དེས་རྒྱ་ནག་གི་ལངས་ཕྱོགས་ལ་མ་བརྟེན་ཀ་མེད་ཆགས་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།

ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཚོང་འབྲེལ་བྱེད་ས་གཙོ་བོ། རྒྱ་ནག་དང་རྒྱ་གར་གཉིས་ཆགས་ཀྱི་ཡོད་པས།  རྒྱ་ནག་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་དངུལ་བུན་ཕོན་ཆེན་བཏང་བ་དེས། རྒྱ་ནག་གི་དངུལ་ལོ་འཛམ་གླིང་ནང་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པས། དངུལ་ལོའི་འཛའ་ཐང་ཐད་ལ་རྒྱ་ནག་གིས་བསྒྱུར་བཅོས་གཏོང་འདོད་ཡོད་ལུགས་མང་པོ་བརྗོད་ཡོད་རུང། ད་དུང་ཡང་དངུལ་ལོའི་འཛའ་ཐང་ལ་དེ་ཙམ་འགྱུར་ལྡོག་འགྲོ་རྒྱུ་ཁག་པོ་ཡིན་ཚུལ་བརྗོད་མཁན་ཡང་བྱུང་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཧུའུ་ཨ་རིར་སྐོར་བསྐྱོད་དང་བསྟུན་ནས།  ཨ་རིའི་གྲོས་ཚོགས་འཐུས་མི་དང་གསར་འགོད་པ་སོགས་ཐུག་འཕྲད་བྱེད་འཆར་ཡོད་པ་རེད།།

{jcomments on}

Share this:
༡༤ ཀློག་གྲངས།