སྤང་བྱ་མི་དགེ་བའི་ལས།

དང་པོ་སྲོག་གཅོད་པ་ནི།     ཡུལ་ཕ་རོལ་པོ་མིའམ་དུད་འགྲོ་ལ་སོགས་པ་གང་ཡིན་ཀྱང་གསོད་འདོད་ཀྱི་ཀུན་སློང་དང་བཅས་པས་སྲོག་གི་དབང་པོ་འགགས་པར་བྱེད་པ་སྟེ། དེ་ཡང་དཔའ་བོ་གཡུལ་འཐབ་ས་ནས་དགྲ་གསོད་པ་ལྟ་བུ་ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ། རི་དྭགས་ལྟ་བུ་ཤ་ཟ་འདོད། ལྤགས་གྱོན་འདོད་དེ་གསོད་པ་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད། དགེ་སྡིག་གི་རྒྱུ་འབྲས་མི་ཤེས་པའམ། མུ་སྟེགས་པ་ལྟ་བུ་དགེ་བར་རློམ་ནས་སྲོག་གཅོད་པ་ནི། གཏི་མུག་གི་སྒོ་ནས་སྲོག་གཅོད་པ་ཡིན། དེ་ལས་ཀྱང་ཕ་གསོད་པ། མ་གསོད་པ། དགྲ་བཅོམ་གསོད་པ་གསུམ་ནི་མཚམས་མེད་པའི་ལས་ཞེས་བྱ་སྟེ་ཚེ་འདི་དང་ཕྱི་མའི་བར་མཚམས་སུ་བར་དོ་མེད་པར་དམྱལ་བ་མནར་མེད་དུ་སྐྱེ་བའི་རྒྱུ་ཡིན། ད་ལྟ་རང་རེ་རྣམས་ནས་དངོས་སུ་རང་གིས་ལག་དར་ཏེ་སྲོག་མ་བཅད་པ་ཙམ་ལ་བསམས་ནས་ང་ལ་སྲོག་གཅོད་ཀྱི་སྡིག་པ་ནི་མེད་སྙམ་པ་འདུག་ཀྱང༌། སྤྱིར་མཐོ་དམན་དྲག་ཞན་སུ་ཡང་རྐང་འོག་ནས་སྲོག་ཆགས་ཕྲ་མོ་བསད་པའི་སྡིག་པ་གྲངས་ཀྱིས་མི་ཆོད་པ་མེད་པ་སུ་ཡང་མེད་ལ། ཁྱད་པར་བླ་མ་དང་སེར་མོ་བ་རྣམས་ནི་ཡོན་བདག་གི་ཁྱིམ་དུ་བྱོན་སྐབས། དེ་དག་གིས་སེམས་ཅན་སྲོག་བཅད་ནས་ཤ་ཁྲག་གཡོས་སུ་བྱས་ནས་དྲངས་པའི་ཚེ་སེམས་ཅན་བསད་པ་ལ་འགྱོད་པ་དང༌། སྙིང་རྗེ་སོགས་གང་ཡང་མེད་པར་ཤ་ཁྲག་གི་རོ་ལ་སྲེད་པས་དགའ་བཞིན་དུ་གསོལ་ཙ་ན། སྲོག་གཅོད་ཀྱི་སྡིག་པ་ཡོན་མཆོད་གཉིས་ལ་ཁྱད་པར་མེད་པར་འཐོབ། མི་ཆེན་དང་དཔོན་ཆེན་རྣམས་ནི་གང་དུ་བྱོན་ཀྱང་ཇ་འདྲེན་དང་མགྲོན་ཁ་ལ་སོགས་ཀྱི་ཆེད་དུ་སྲོག་བཅད་པ་གྲངས་མེད། ཕྱུག་པོ་རྣམས་ནི་སྤྱིར་ཕྱུགས་ལུག་ཅི་ཙམ་ཡོད་པ་དེ་ཐམས་ཅད་མཐར་གྱིས་རྒས་པའི་དུས་ན་རེ་རེ་བཞིན་གསོད་པ་ལས། རང་བཞིན་གྱིས་འཆི་བ་རེ་གཉིས་ལས་མི་འོང་བས་སྲོག་བཅད་པ་གྲངས་ཀྱིས་མི་ཆོད། མ་ཟད་ཕྱུགས་ལུག་དེ་དག་གིས་ཀྱང་དབྱར་ཁའི་དུས། འབུ་སྦྲང་གྲོག་མ་ཉ་དང་སྦལ་པ་ཡན་ཆད་རྩྭ་དང་ལྷན་དུ་ཟ་བ་རྐང་ལག་གི་རྨིག་པས་བརྫི་བ། རྟ་སྦངས་དང་ལྕི་བ་ལ་སོགས་པའི་ནང་དུ་བསད་པ་གྲངས་ཀྱིས་མི་ཆོད་ཅིང༌། དེ་དག་གི་སྡིག་པ་ཡང་བདག་པོའི་སྟེང་དུ་འོང༌། ཁྱད་པར་རྟ་ཕྱུགས་སོགས་གཞན་ལས་ཀྱང་ལུག་འདི་ནི་སྡིག་པ་མི་ཟད་པའི་འབྱུང་གནས་སུ་འདུག་སྟེ། ཁོ་རང་ནས་ཀྱང་སྦྲུལ་དང༌། སྦལ་བ། བྱེའུ་ཕྲུག་སོགས་སྲོག་ཆགས་ཕྲ་མོ་ཐམས་ཅད་ཁ་ཟས་སུ་བྱེད། དབྱར་བལ་ལས་ཀྱི་དུས་ལུག་རེ་རེའི་རྒྱབ་ན་ཡང་སྲོག་ཆགས་འབུམ་ཕྲག་རེ་ཙམ་ཡོད་པ་དེ་ཐམས་ཅད་གསོད། དགུན་ལུ་གུའི་དུས་སུ་ལུ་གུ་སྐྱེས་འཕྲལ་ཕྱེད་ཙམ་ལས་མི་ལྷག་པར་གསོད། མ་མོ་རྣམས་ཀྱང་རྒས་ནས་ཟུངས་མ་ཟད་ཀྱི་བར་དུ་བཞོ་བ་དང༌། ལུ་གུའི་བེད་བཅད་ནས་རྒས་ཙ་ན་ཐམས་ཅད་བསད་དེ་ཤ་ལྤགས་ལ་ལོངས་སྤྱོད། ཐོང་བ་དང་ཤ་བཟན་ལ་སོགས་པ་རྣམས་གང་དུ་ཕྱིན་ཀྱང་གསོད་རྒྱུ་ལས་གཞན་མེད། ལུག་ལ་ཤིག་བྱུང་ཚེ་ལུག་རེ་རེའི་རྒྱབ་ནས་ཀྱང་སྲོག་ཆགས་དུང་ཕྱུར་རེ་ཙམ་ཡང་གསོད། དེས་ན་ལུག་བརྒྱ་ཡོད་ཕྱིན་ཆད་བདག་པོ་དེ་དམྱལ་བར་ལན་གཅིག་སྐྱེ་ངེས་ཅན་དུ་འདུག བུད་མེད་རྣམས་ཀྱང་གཞན་དང་གཉེན་སྦྲེལ་ནས་རིན་བརྫངས་དང་སྐྱེལ་བསུ་སོགས་ཀྱི་དུས་སུ་བཤས་ལུག་གྲངས་མེད་པ་གསོད། དེ་ཕྱིན་ཆད་རང་ཁྱིམ་དུ་ནམ་འོང་གི་གྲངས་ལ་སེམས་ཅན་རེ་ངེས་པར་གསོད། དེ་བཞིན་གཉེན་དང་ཉེ་བ་རྣམས་ཀྱིས་བོས་འོངས་སྐབས་ཀྱང་ཁ་ཟས་གཞན་བྱིན་ན་ཡིད་ཁར་མི་འགྲོ་བ་ལྟར་བྱེད་ཅིང༌། ཁྲམ་མ་དེས་འགྲམ་པ་འགུལ་མི་ཤེས་པ་ལྟར་ཟ་ཡང༌། བཤས་ལུག་ཚོ་བ་རེ་བསད་ནས་བྲང་དང་རྒྱུ་མ་སོགས་ཆེ་ངེས་པ་རེ་སྔོན་དུ་བཞག་ཙ་ན། སྲིན་མོ་གདོང་དམར་མ་དེ་མགར་འདུག་ཅིག་བྱས་ནས་གྲི་ཆུང་ཞིག་བླངས་ཏེ། ལྕིབ་ཐག་གེ་ཟ། སང་ཉིན་ཤ་ཁོག་དེ་དམར་ཙ་རེ་བཀལ་ནས་རྔོན་པ་རང་ཁྱིམ་དུ་ལྡོག་པ་ལྟར་འགྲོ་ཞིང༌། ནམ་ཕྱིན་ཕྱིན་སྟོང་ལོག་མི་བྱེད་པ་རྔོན་པ་ལས་ཀྱང་ཐུ། བྱིས་པ་རྣམས་ནས་ཀྱང་རྩེད་མོའི་དུས་མཐོང་བ་དང་མི་མཐོང་བར་བསད་པ་གྲངས་ཀྱིས་མི་ཆོད་ཅིང༌། ཐ་ན་གླང་ལྕག་དང་རྒྱུན་ལྕག་སོགས་ཀྱིས་དབྱར་དུས་ས་གཞིར་བྲབ་ནས་འགྲོ་བ་ལྟ་བུའི་དུས་བསད་པ་གྲངས་མེད། དེས་ན་རང་རེ་མི་རྣམས་ནི་སྲོག་གཅོད་ཀྱི་ལས་ཐབས་ཁོ་ནས་དུས་འདའ་བ་སྲིན་པོ་དང་འདྲ་ཞིང༌། ཚེ་གཅིག་ཏུ་རང་གིས་བེད་བཅད། འོ་མ་འཐུང་དྲིན་གྱིས་བསྐྱངས་པའི་མ་འབྲི་ཕ་མ་འདྲ་བ་རྣམས་བསད་ནས་ཤ་ཁྲག་ལོངས་སྤྱོད་པ་ལ་བསམ་ན་སྲིན་པོ་ལས་ཀྱང་ཐུ། དེ་ལྟར་སྲོག་གཅོད་ཀྱི་ལས་ཐབས་ཏེ་སྡིག་པའི་ཡན་ལག་བཞི་རྫོགས་པར་འགྱུར་ཏེ། དཔེར་ན་རྔོན་པས་རི་དྭགས་གསོད་པ་ལྟ་བུ་ལ། དང་པོ་ཤ་བ་དང་གླ་བ་ལྟ་བུ་རི་དྭགས་ཞིག་དངོས་སུ་མཐོང་བའི་ཚེ་རི་དྭགས་དེ་དང་དེའོ་སྙམ་དུ་མ་ནོར་བར་ཤེས་པ་ནི། གཞི་སེམས་ཅན་ཡིན་པ་ཤེས་པ། དེ་ལ་གསོད་འདོད་ཀྱི་ཀུན་སློང་སྐྱེས་པ་ནི། བསམ་པ་གསོད་སེམས་སྐྱེས་པ་དང༌། མེ་མདའ་དང་མདའ་ལ་སོགས་པས་གནད་དུ་བསྣུན་པ་ནི། སྦྱོར་བ་གསོད་ཐབས་ལག་ཏུ་བླང་བ། ཕ་རོལ་རི་དྭགས་དེ་དེ་མ་ཐག་ཏུ་སྲོག་གི་དབང་པོ་འགགས་ཏེ་ལུས་སེམས་ཀྱི་ཚོགས་པ་གྱེས་པ་ནི། མཐར་ཐུག་སྲོག་གི་དབང་པོ་འགགས་པ་ཞེས་བྱ་བ་ཡིན། ཡང་བདག་བཟུང་གི་བཤའ་ལུག་ཅིག་གསོད་པ་ལྟ་བུ་ལ་མཚོན་ན། དང་པོ་བཟའ་དཔོན་དེས་བྲན་ནམ་བཤན་པ་ལ་ལུག་གཅིག་བཤའ་དགོས་ཟེར་བའི་ཚེ། གཞི་སེམས་ཅན་ལུག་ཡིན་པ་ཤེས། ལུག་དེ་ལྟ་བུ་ཞིག་བཤའ་དགོས་སྙམ་པའི་ཚེ་བསམ་པ་གསོད་སེམས་སྐྱེས། གསོད་པ་པོ་དེས་ཞགས་པ་ཞིག་བཟུང་སྟེ་སོང་ནས་འཕྲལ་དུ་གསོད་རྒྱུའི་ལུག་གང་ཡིན་པ་དེ་བཟུང༌། ལུས་གནམ་ས་བསྒྱུར། རྐང་ལག་འབྲེང་པས་བཀྱིག མཆུ་ཐ་གུས་དཀྲི་བ་སོགས་བྱེད་པ་དེ་གསོད་ཐབས་ལག་ཏུ་བླངས། དེའི་ཚེ་སེམས་ཅན་དེ་མནར་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ཏེ་དབུགས་ཕྱི་ནང་གི་རྒྱུ་འགྲུལ་ཆད། མིག་སྔོ་ཅེ་རེ་མཆི་མ་ཁྲ་ཐར་རེ་སོང་ནས་རོ་ཁྱིམ་དུ་དྲུད་འོང་སྐབས་མཐར་ཐུག་སྲོག་གི་དབང་པོ་འགགས་པ་ཞེས་བྱ། དེ་མ་ཐག་པགས་པ་གྲིས་བཤུས་སྐབས་ཤ་འདར་ཕྲིལ་ཕྲིལ་བྱེད་པ་དེ་ད་དུང་ཁྱབ་བྱེད་ཀྱི་རླུང་འབྲོས་ལོང་མ་བྱུང་བར་ཡོད་པས་གསོན་པོ་དང་འདྲ་བ་དེ་འཕྲལ་དུ་མེ་ལ་བསྲེག་ཐབ་ཏུ་བཅོས་ནས་ཟ་བར་བྱེད་པ་དེ་ལ་བསམ་ན། སེམས་ཅན་གསོན་པོར་ཟ་བར་འདུག་པས་གཅན་གཟན་གཏུམ་པོ་རྣམས་དང་ཁྱད་མེད་པར་འདུག དེས་ན་དེ་རིང་སེམས་ཅན་ཞིག་གསོད་སྙམ་པའི་བློ་སྐྱེས་པའམ། ངག་ཏུ་སྨྲས་ནས་གསོད་མ་གྲུབ་ཀྱང༌། གཞི་སེམས་ཅན་ཡིན་པར་ཤེས་པ། བསམ་པ་གསོད་སེམས་སྐྱེས་པས་སྡིག་པའི་ཡན་ལག་གཉིས་རྫོགས་ཚར་པ་ཡིན་པས་དངོས་གཞི་ཚང་བ་ཙམ་མི་ལྕི་ཡང་མེ་ལོང་དུ་གཟུཌ་བརྙན་ཤར་བ་བཞིན་སྡིག་པས་གོས་ཚར་བ་ཡིན། དེར་མ་ཟད་གསོད་པ་པོ་དངོས་དེ་མ་གཏོཌ་སོད་ཟེར་མཁན་ལ་སྡིག་པ་མེད་སྙམ་པའམ། ཡོད་ཀྱང་ཅུང་ཟད་ཡང་སྙམ་པ་འདུག་སྟེ། གསོད་དུ་འཇུག་པ་པོ་ལྟ་ཅི། མཇུག་ཡི་རང་སྒོམ་མཁན་བཅས་པ་ཐམས་ཅད་ལ་སྡིག་པའི་ལས་འདྲ་བར་ཡོད་པ་ཡིན། དེ་ཡང་མི་རེ་རེ་ལ་སེམས་ཅན་རེ་བསད་པའི་སྡིག་པ་རིལ་པོ་ཐོབ་པ་ཡིན་གྱི། སྲོག་གཅོད་ཀྱི་སྡིག་པ་གཅིག་མི་མང་པོ་ལ་བགོ་བཤའ་བྱེད་པ་ལྟ་བུ་ནི་མེད་པར་ཤེས་དགོས་སོ།།
གཉིས་པ་མ་བྱིན་པར་ལེན་པ།མ་བྱིན་པར་ལེན་པ་ལ། དབང་གིས་ལེན་པ། འཇབ་བུས་ལེན་པ། གཡོ་སྒྱུས་ལེན་པ་དང་གསུམ་ཡིན། དེ་ཡང་མི་བཙན་པོ་རྒྱལ་པོ་ལྟ་བུས་ཐོབ་ཐང་གི་གཞུང་ལྟ་བུ་མ་ཡིན་པ་ཐོབ་མེད་ཀྱི་བཙན་བཙུགས་བྱས་ནས་འཕྲོག་པ་དང༌། དམག་ལ་སོགས་པ་དཔུང་ཤེད་ཀྱི་སྒོ་ནས་དངོས་སུ་འཕྲོག་ཡོང་བ་སོགས་ནི། དབང་གིས་མ་བྱིན་པར་ལེན་པའམ་སྟོབས་ཀྱིས་ལེན་པ་ཞེས་བྱ། རྐུན་པོ་ལྟ་བུས་བདག་པོས་མི་མཐོང་སར་ལྐོག་ནས་རྒྱུ་ཟས་བླངས་ཏེ་བདག་གིར་བྱས་པ་ནི་འཇབ་བུས་མ་བྱིན་པར་ལེན་པ་ཡིན། ཚོང་ལ་སོགས་པའི་སྐབས་ཕ་རོལ་བསླུ་བྱེད་ཀྱི་རྫུན་གཏོང་བ། བྲེ་ལོག་དང་སྲང་ལོག་འཛུགས་པ་སོགས་ཀྱིས་ཕ་རོལ་གྱི་རྒྱུ་རྫས་ལེན་པ་ནི། གཡོ་སྒྱུས་མ་བྱིན་པར་ལེན་པ་ཡིན། དེས་ན་དེང་སང་རང་རེ་རྣམས་ནས་དངོས་སུ་རྐུ་བ་སོགས་མ་བྱས་ཕྱིན་ཚོང་སོགས་གཡོ་ཐབས་ཀྱི་སྒོ་ནས་བླངས་པ་ཐམས་ཅད་ལ་ཉེས་པ་ཡོད་སྙམ་པ་མི་འདུག་སྟེ། གཡོ་སྒྱུ་བྱས་ཕྱིན་ཚོང་གི་ཁེ་ཇི་ཙམ་རྙེད་པ་དེ་བརྐུས་པ་དངོས་དང་ཁྱད་མེད། ཁྱད་པར་དེང་སང་གི་སྐབས་སུ་བླ་མ་དང་སེར་མོ་བ་རྣམས་ཀྱང་ཚོང་བྱེད་པ་ཉེས་པའམ་སྐྱོན་དུ་མི་ལྟ་ཞིང་སྐུ་ཚེ་དེ་ལ་བསྒྲིལ་ནས་ཕོ་རྒོད་པར་རློམ་པར་འདུག་ཀྱང༌། བླ་མ་སེར་མོ་ཞིག་གིས་རྒྱུད་ཆུད་ཟོས་བྱེད་པ་ལ་ཚོང་ལས་ཐུ་བ་གང་ཡང་མེད་དེ། རྟག་ཏུ་དེ་ལ་གཡེང་བས་སློབ་གཉེར་དང་སྒྲིབ་སྦྱོང་སོགས་བྱེད་རྒྱུའི་བློ་གཡེལ་ཞིང་གོ་སྐབས་ཀྱང་མེད། མཚན་མོ་ཉལ་བའི་དུས་ཚུན་ཆད་ཚོང་རྩིས་ཀྱི་བསམ་བློ་གཏོང་བས་དད་པ་དང་ངེས་འབྱུང༌། སྙིང་རྗེ་སོགས་ཀྱི་རྩ་བ་འཆད། དུས་རྟག་ཏུ་འཁྲུལ་བའི་གཞན་དབང་དུ་འགྱུར་བ་ཡིན་ཏེ། སྔོན་རྗེ་བཙུན་མི་ལ་དགོན་སྡེ་ཞིག་ཏུ་བྱོན་ནས་མཚན་གྲྭ་ཁང་ཞིག་གི་སྒོར་གཟིམ་བསྡད་པས། དེ་ན་གྲྭ་པ་ཞིག་ཡོད་པ་དེ་མཚན་མོ་ཉལ་ནས་སང་ཉིན་བ་ཞིག་བཤའ་རྒྱུ་ཡོད་པ་དེའི་ཤ་ཀོ་བཙོང་ཐབས་ལ་བསམ་བློ་བཏང༌། མགོ་དེས་འདི་ཁུག ལག་པ་དེའི་སོག་པ་ལ་འདི་རི། དཔུང་པ་འདི་རི། ལག་ངར་ལ་འདི་རི་སོགས་བ་དེའི་ཕྱི་ནང་ཐམས་ཅད་ཚོང་རྩིས་བཏང་བས། གཉིད་ཐུན་གཅིག་ཀྱང་གཉིད་ལོང་མ་བྱུང་བར་མཇུག་མ་མ་གཏོགས་ཐམས་ཅད་འདིང་ཕོག་སྐབས་ནམ་ལངས།

དེར་ཁོང་རང་འཕྲལ་དུ་ལངས་ནས་ཆོས་སྤྱོད་དང་གཏོར་མ་གཏོང་བ་སོགས་བྱེད། རྗེ་བཙུན་ད་དུང་གཟིམས་ནས་བཞུགས་པས་ཁོ་འོང་ནས་ཁྱེད་ཆོས་པར་རློམ་པ་ལ། ཆོས་སྤྱོད་དང་བཟླས་བརྗོད་སོགས་གང་ཡང་བྱེད་མི་ནུས་པར་ད་དུང་ཡང་ཉལ་ནས་སྡོད་པ་ཟེར་འཕྱ་བར་བྱེད་ལ། རྗེ་བཙུན་གྱི་ཞལ་ནས། ང་དུས་རྟག་ཏུ་དེ་ལྟར་གཉིད་འདུག་པ་ཞིག་མིན་ཀྱང་མདངས་སུམ་ང་རང་ལ་བ་ཞིག་བཤའ་རྒྱུ་ཡོད་པ་དེ་བཙོང་ཐབས་ལ་བསམ་བློ་གཏོང་གིན་བསྡད་པས་གཉིད་ལོང་མ་བྱུང་བར། ད་ནང་གཉིད་དུ་ཤོར་བར་འདུག་གསུངས་པ་ཁོའི་མཚང་ལ་ཕོག་ནས་སོང༌། དཔེ་དེ་བཞིན་དུ་ད་ལྟ་ཡང་ཚོང་ཁོ་ན་བྱེད་པ་རྣམས་ཉིན་དང་མཚན་དུ་ཚོང་རྩིས་ཀྱི་མནོ་བསམ་ཁོ་ན་ལ་འཁྲུལ་ནས་གཡེངས་ཤིང༌། འཆི་དུས་ཀྱང་དེ་ཁོ་ནའི་ངང་དུ་འཁྲུལ་ནས་འཆི། དེར་མ་ཟད་ཚོང་བྱེད་དུས་ཀྱང་རང་གི་བཙོང་རྒྱུའི་དངོས་པོ་དེ་ངན་པ་ཞིག་ཡིན་ཀྱང་དེ་ལ་བསྟོད་ར་སྣ་ཚོགས་བྱེད་པ་དང༌། སྔར་མི་འདི་དང་འདི་དག་ལ་བཙོང་ན་གོང་འདི་ལྟ་བུ་སྦྱིན་ཟེར་ཀྱང་དེ་ལ་མ་བརྗེས། ང་རང་གིས་ཚུར་ཉོ་སྐབས་ཀྱང་རིན་ཆེན་པོ་འདི་ལྟ་བུ་བྱིན་པ་ཡིན་ཟེར་བ་སོགས་རྫུན་ཁོ་ན་གཏོང༌། དེ་བཞིན་དུ་ཕ་རོལ་གཞན་གཉིས་ཚོང་བྱེད་པ་ལ། དེ་རང་གིས་ཉོ་འདོད་ནས་གཞན་གཉིས་མི་འགྲིགས་ཐབས་ཀྱི་ཕྲ་མ། ཕ་རོལ་གྱི་རྒྱུ་རྫས་ལ་ངན་སྨྲས་གཏོང་བ་དང༌། བུ་ལོན་གྱི་རྒྱུས་འཐབ་མོ་བྱེད་པ་སོགས་ཚིག་རྩུབ། དོན་མེད་པར་མི་རི་བའི་གོང་མོ་ཆེ་ཟེར་བ་དང༌། ཉོ་མ་སྙམ་ཡང་གོང་གཏམ་པ་སོགས་ངག་འཁྱལ། ཕ་རོལ་གྱི་རྒྱུ་རྫས་ལ་རློམ་སེམས་ཀྱིས་བདག་སྤྲད་པའི་བརྣབ་སེམས། གཞན་ཕམ་འདོད་ཀྱི་གནོད་སེམས། བཤས་ལུགས་ཉོ་ཚོང་བྱེད་པ་སོགས་སྲོག་གཅོད་དེ། ལོག་ལྟ་དང་འདོད་ལོག་ཙམ་མ་གཏོགས་མི་དགེ་བ་བཅུ་ཀ་དངོས་སུ་ཚང་ཞིང༌། ཚོང་དེ་ལམ་དུ་མ་སོང་ན་ནི་རང་གཞན་གཉིས་ཀའི་རྒྱུ་ཆུད་གཟན་ཏེ་ཐམས་ཅད་སྡུག་ལ་གཏད། མཐར་བདག་གནོད་གཞན་གནོད་རང་ཉིད་མུ་གེས་འཆི་བ་ཞིག་འོང༌། ཅུང་ཟད་ལམ་དུ་སོང་ན་ནོར་ནི་ཇི་ཙམ་འབྱོར་བཞིན་ཆོག་ཤེས་མེད་པ་ཡིན་པས། རྣམ་ཐོས་སྲས་ཀྱི་ལོངས་སྤྱོད་ལྟ་བུ་ལ་དབང་ཡང་ད་དུང་སྡིག་གི་ཚོང་བྱེད་པ་ལ་དགའ། རྣམ་གཡེང་དེ་ཁོ་ནའི་ངང་དུ་མི་ཚེ་ཟད་ནས་འཆི་ཁར་བྲང་ལག་འཐབ་སྟེ་ངན་སོང་གི་གཏིང་རྡོ་བྱེད་པ་ཞིག་འོང་བ་ཡིན་པས་རྒྱུན་མི་འཆད་པའི་སྡིག་པ་འཕེལ་ཞིང་རྒྱུད་ཆུད་ཟོས་སུ་བྱེད་པ་ཚོང་ལས་ཐུ་བ་མེད། དུས་རྟག་ཏུ་གཡོ་སྒྱུས་གཞན་བསླུ་བའི་བསམ་པ་གྲི་རྩེ་འབུག་རྩེ་ཁབ་རྩེ་ལྟ་བུ་གང་རྣོ་བལྟས་ནས། རྒྱུན་དུ་བསམ་པ་ངན་པ་ལ་གནས་པས་ཕན་སེམས་བྱང་ཆུབ་ཀྱི་སེམས་དང་རྒྱབ་འགལ་ཞིང་མི་དགེ་བ་མུ་མཐའ་མེད་པར་འཕེལ་བར་འགྱུར་བ་ཡིན་ནོ། མ་བྱིན་པར་ལེན་པ་འདི་ལ་ཡང་སྡིག་པའི་ཡན་ལག་བཞི་སྔར་ལྟར་ཡོད་ཅིང༌། རྔོན་པ་དང་ཇག་པ་སོགས་ལ་གྲོ་བཅས་ཀྱི་སྐལ་སྐུར་ཕྲན་བུ་རེ་ཡོད་པ་ཚུན་ཆད་སྲོག་གཅོད་དང་མ་བྱིན་ལེན་གྱི་ཉེས་པ་ནི། ཐམས་ཅད་ལ་མཉམ་པར་ཡོད་པ་ཡིན་ནོ།།
གསུམ་པ་ལོག་གཡེམ།ལོག་གཡེམ་ནི། ཁྱིམ་པའི་ཁྲིམས་ཡིན་ཏེ། སྔོན་བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། དགེ་བཅུའི་ཁྲིམས་བཅས་སྐབས་ཁྱིམ་པ་རིགས་ཀྱིས་བསྲུངས་པ། ཆོས་ཀྱིས་བསྲུངས་པ་སོགས་ཁྱིམ་པས་སྤྱོད་པ་བཀག་པ་ལྟ་བུ་ཡིན། དེས་ན་ཁྱིམ་པ་ཡིན་ཀྱང་ཁྲིམས་དང་ལྡན་པ་ཞིག་དགོས་ཤིང༌། རབ་ཏུ་བྱུང་བ་རྣམས་ནི་མི་ཚངས་པར་སྤྱོད་པ་རྩ་བ་ནས་སྤངས་དགོས་པ་ཡིན། ལོག་གཡེམ་དེའི་ཉེས་པ་ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང༌། གཞན་ཡང་རང་གིས་ཁུ་བ་ཕྱུང་བ། གཞན་གྱིས་བདག་པ་དང༌། གླ་རྔན་སྤྲད་ཚར་བ། རང་དབང་ཡིན་ཀྱང་ཉིན་མོ་དང༌། བསྙེན་གནས་བསྲུང་བ་དང༌། ན་བ་དང་སྦྲུམ་མ་དང༌། མྱ་ངན་གྱིས་ནོན་པ་དང༌། ཟླ་མཚན་ཡོད་པ་དང༌། བང་མ་སངས་བ་དང༌། དཀོན་མཆོག་གི་རྟེན་ཡོད་སར་བསྒྲོད་པ་དང༌། ཕ་མ་དང་རིགས་ཀྱིས་སྲུང་བ་དང༌། མ་སྨིན་པའི་གཞོན་ནུ་མ་དང༌། ཁ་དང་བཤང་ལམ་ལ་སོགས་པར་བསྒྲོད་པ་སྟེ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ལོག་གཡེམ་གྱི་རྣམ་པ་ཐ་དད་པ་ཉམས་སུ་མྱོང་བའོ།།
བཞི་པ་རྫུན།རྫུན་ལ། རྫུན་ཕལ་པ། རྫུན་ཆེན་པོ། མི་ཆོས་བླ་མའི་རྫུན་དང་གསུམ་ཡོད། དང་པོ་ནི་གཞན་བསླུ་བའི་བསམ་པ་ཅན་གྱིས་རང་བཞིན་རྫུན་དུ་སྨྲ་བ་ཐམས་ཅད་དང༌། གཉིས་པ་ནི། དགེ་བ་ལ་ཕན་ཡོན་མེད། སྡིག་པ་ལ་ཉེས་པ་མེད། དག་པའི་ཞིང་ལ་བདེ་བ་མེད། ངན་སོང་ན་སྡུག་བསྔལ་མེད། སངས་རྒྱས་ལ་ཡོན་ཏན་མེད་ཟེར་ན་དེ་ལས་ཐུ་བའི་རྫུན་རྔམ་པོ་ཆེ་བཤད་ཐབས་མེད་པས་རྫུན་ཆེན་པོ་ཞེས་བྱ། གསུམ་པ་ནི། ས་མ་ཐོབ་པར་ཐོབ། མངོན་ཤེས་མེད་པར་ཡོད་ཟེར་བ་ལྟ་བུ། རང་ལ་མེད་པའི་ཡོན་ཏན་ཡོད་པ་ལྟར་སྨྲ་བ་ཐམས་ཅད་མི་ཆོས་བླ་མའི་རྫུན་ཡིན། དེས་ན་དེང་སང་དམ་པ་ལས་ཀྱང་ཟོག་པོ་བྲིན་པའི་དུས་སུ་སོང་ཞིང༌། མི་ཐམས་ཅད་ཀྱང་བསམ་སྤྱོད་བསྒྱུར་སླ་བས། བླ་མའམ་གྲུབ་ཐོབ་ཏུ་ཁས་འཆེ་བ་ཁ་གཅིག་གཡོ་སྒྱུས་གཞན་མགོ་སྐོར་བར་ལྷུར་ལེན་ཞིང༌། ལྷ་ངས་མཐོང་ལྷ་ལ་གཏང་རག་བྱིན། འདྲེ་ངས་མཐོང་འདྲེ་ལ་ཆད་པ་བཅད་ཟེར་ལ་ཕལ་ཆེར་མི་ཆོས་བླ་མའི་རྫུན་ཁོ་ན་ཡིན་པས་ཙབ་ཙོབ་ཏུ་ཟོག་པོ་བསླུ་བྲིད་ཅན་ལ་བློ་མི་གཏོད་པར། རྒྱུས་ཡོད་ཀྱི་ཆོས་པ་གཉོམ་ཆུང་ཕྱི་ནང་མཚུངས་པ་འདི་ཕྱིའི་བློ་གཏད་འཆའ་བ་གལ་ཆེ། ལར་ཟག་བཅས་ཀྱི་མངོན་ཤེས་ཕྲན་བུ་འཇིག་རྟེན་པའི་ལམ་དུ་ཡོད་ཀྱང༌། དེ་རེས་འགའ་བ་ཡིན་པས་ཐིག་མི་ཐིག་སྣ་ཚོགས་འོང༌། ཟག་མེད་ཀྱི་མངོན་ཤེས་ནི་འཕགས་པ་ཐོབ་པ་མ་གཏོགས་གཞན་ལ་མེད་པས་དེ་འདྲ་བ་ནི་ཤིན་ཏུ་ཡང་དཀའ་འོ།།
ལྔ་པ་ཕྲ་མ།ཕྲ་མ་ལ་མངོན་ཕྲ་དང༌། ལྐོག་ཕྲ་གཉིས་ཡོད། དང་པོ་ནི་མི་དབང་ཡོད་པོ་ཕལ་གྱིས་མི་གཉིས་མཉམ་དུ་ཡོད་པ་ལ་དེ་གཉིས་དངོས་སུ་ཕྲ་མས་འབྱེད་ཅིང་འདིས་ཁྱོད་ལ་ལྐོག་ཏུ་ངན་སྨྲས་འདི་དང་འདི་ལྟ་བུ་བྱས། དངོས་སུ་གནོད་པ་ཡང་འདི་དང་འདི་ལྟ་བུ་བསྐྱལ། དེ་རིང་ཁྱེད་གཉིས་དེ་འདྲ་མིན་པ་ལྟར་བྱེད་དམ་ཞེས་མངོན་སུམ་དུ་ཕྲ་མ་བྱེད་པ་ནི་མངོན་ཕྲ། གཉིས་པ་ནི། མི་ཡིད་མཐུན་པ་གཉིས། གཅིག་གི་དྲུང་དུ་སོང་སྟེ། ཁྱོད་ཀྱིས་དེ་ལ་རྩིས་ཆེན་དུ་བྱེད་ཀྱང་དེས་ཁྱོད་ལ་འདི་དང་འདི་ལྟ་བུ་ཟེར་རོ་ཞེས་ཟེར་ནས། དེ་གཉིས་ཕྲ་མས་འབྱེད་པ་ལ་ལྐོག་ཕྲ་ཟེར། དེ་དག་ལས་ཀྱང་ཉེས་པ་ཆེ་ཤོས་དགེ་འདུན་ཕན་ཚུན་ཐུགས་མི་མཐུན་པར་བྱེད་པ་དང༌། ཁྱད་པར་དུ་གསང་སྔགས་ཀྱི་ཆོས་སྟོན་པ་བླ་མ་དང་སློབ་མའི་བར་དུ་དབྱེན་བྱེད་པ་དང༌། གྲོགས་མཆེད་ཕན་ཚུན་མི་མཐུན་པར་བྱེད་པ་ནི་ཤིན་ཏུ་ཡང་ཉེས་པ་ཆེའོ།།
དྲུག་པ་ཚིག་རྩུབ།ཚིག་རྩུབ་ནི། སྐྱེ་བོ་བྱད་མི་མཛེས་པ་ལྟ་བུ་ལ་དེའི་སྐྱོན་མངོན་དུ་སྒྲོགས་པ་ལྟ་བུ་སྟེ། དཔེར་ན་མི་ཞར་བ་དང༌། འོན་པ་སོགས་ལ། ལོང་བ། རྣ་འོན་ཞེས་པ་ལྟ་བུས་མངོན་དུ་འབོད་པ་དང༌། གཞན་ཡང་ཕ་རོལ་གྱི་མཚང་ནས་བརྗོད་པ་དང༌། ངན་དུ་སྨྲ་བ་ཐམས་ཅད་དང༌། ཚིག་རྩུབ་པོ་མིན་ཀྱང་འཇམ་པོའི་སྒོ་ནས་ཕ་རོལ་པོ་ཡིད་མི་བདེ་བར་བྱེད་པ་ཡང་ཚིག་རྩུབ་ཏུ་འདུས། གཞན་ཡང་བླ་མ་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་ཀྱི་དྲུང་དུ་མི་སྙན་པ་སྣ་ཚོགས་བརྗོད་པ་ཡང་ཉེས་པ་ཆེའོ།།
བདུན་པ་ངག་ཀྱལ།ངག་ཀྱལ་ནི། བྲམ་ཟེའི་གསང་སྔགས་སོགས་ཆོས་མ་ཡིན་པ་ཆོས་སུ་སེམས་པ་དང༌། སྨད་འཚོང་མའི་གཏམ་དང༌། ཆགས་སེམས་ཀྱི་གླུའི་རྣམ་པ་དང༌། དམག་དང་ཆོམ་རྐུན་ལ་སོགས་ཆགས་སྡང་སྐྱེ་བའི་གཏམ་མང་པོ་འབྲེལ་མེད་དུ་སྨྲ་བ་རྣམས་དང༌། ཁྱད་པར་གཞན་ཁ་ཏོན་དང་བཟླས་བརྗོད་བྱེད་པ་སོགས་ལ་དེ་དག་གིས་སེམས་ཡེངས་སུ་འཇུག་པའི་འབྲེལ་མེད་ཀྱི་གཏམ་མང་པོ་སྨྲ་བ་ནི། དགེ་བ་ཅན་གྱི་ཚོགས་བཅག་པ་ཡིན་པས་ཉེས་པ་ལྕི། ངག་འཁྱལ་སྣ་ཚོགས་སྨྲ་བ་དེ་ཡང་རང་བཞིན་དུ་གང་བབ་བྱུང་རྒྱལ་དུ་སྨྲ་བ་ལྟར་སྣང་ཡང༌། ལེགས་པར་བརྟགས་ན་ཆགས་སྡང་གིས་ཀུན་ནས་བསླངས་པ་ཤས་ཆེ་བས་རང་གཞན་གྱི་རྒྱུད་ཆགས་སྡང་ཅི་ཙམ་སློང་བ་དེ་ཙམ་དུ་ཉེས་པ་ཆེ་ལ། གཞན་ཡང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ་ནི་ངག་འཁྱལ་དང་བསྲེས་ནས་ཅི་ཙམ་འདོན་ཟློས་བྱས་ཀྱང་འབྲས་བུ་མི་འབྱིན་ཞིང༌། ཁྱད་པར་དགེ་འདུན་གྱི་ཚོགས་གྲལ་ལྟ་བུར་ངག་འཁྱལ་སྣ་ཚོགས་སྨྲ་བ་ནི་ཚོགས་པ་གྲལ་གང་རེའི་དགེ་བའི་ཚོགས་མི་གཅིག་གིས་གཅོག་ཅིང་སྦྱིན་བདག་གི་ཚོགས་བསགས་ཆུད་གཟན་པ་ཡིན། སྤྱིར་རྒྱ་གར་འཕགས་པའི་ཡུལ་དུ་ལྡན་གྲོལ་གཉིས་གང་རུང་དང་ལྡན་པ་མ་གཏོགས་དགེ་འདུན་གྱི་དཀོར་ལ་སྤྱོད་པར་མི་དབང་ཞིང༌། བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱང༌། ད་ལྟ་རང་རེ་རྣམས་ཀྱིས་སྔགས་ཆོ་ག་རེ་གཉིས་རེ་བསླབས་ནས་དེ་འདོན་ཤེས་འཕྲལ་དཀོར་ནག་གང་བྱུང་ཟ་བར་འདུག་སྟེ། གསང་སྔགས་ཀྱི་ཆོ་གའི་སྒོ་ནས་དཀོར་ཟ་འདི་ལ་དབང་ཐོབ་ཅིང༌། དམ་ཚིག་དང་ལྡན་པ། བསྐྱེད་རྫོགས་ལ་མཁས་ཤིང་བསྙེན་པ་འཁྱོལ་བ་ཞིག་མེད་ན། གྱ་ཚོམ་དུ་གསང་སྔགས་བོན་དུ་གྱེར་བས་ཉེས་པ་ལྕི་ཞིང༌། དཀོར་ནག་འདི་ལྕགས་བསྲེགས་ཀྱི་རིལ་བུ་འདྲ་བས། བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཁྲོའི་འགྲམ་པ་དང་ལྡན་ན་མ་གཏོགས། ཐ་མལ་གྱིས་ཟོས་ན་རྒྱུད་འཚིག་ཅིང་བརླག་པ་ཡིན་ཏེ། ཇི་སྐད་དུ། དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། ཟོས་དྲགས་ན་ཐར་བའི་སྲོག་རྩ་གཅོད། ཅེས་གསུངས། དེས་ན་བསྐྱེད་རྫོགས་དང་ལྡན་པ་ལྟ་ཅི་ཚིག་ཙམ་ཡང་མ་ཤེས་པ་དེ་ཡང་ལེགས་པར་མི་འདོན། ཁྱད་པར་ཆོ་གའི་དོན་པོ་གལ་ཆེ་ཤོས་བསྙེན་པ་ཡིན་པ་ལ། བསྙེན་མཚམས་སུ་བབས་ན་ངག་འཁྱལ་གྱི་གཏེར་སྒོ་ཕྱེ་སྟེ། ཆགས་སྡང་གི་གཏམ་འབྲེལ་མེད་སྣ་ཚོགས་པས་དུས་འདའ་བ་ནི་རང་གཞན་ཕུང་ལ་སྦྱོར་བ་ཡིན། བླ་མ་སེར་མོ་བ་རྣམས་ནས་རྒྱུན་དུ་ངག་འཁྱལ་གྱི་གཏམ་འདི་སྤངས་ནས་སྨྲ་བཅད་དང་བཟླས་བརྗོད་ལ་བརྩོན་པ་གལ་ཆེ་བ་ཡིན་ནོ།།
བརྒྱད་པ་བརྣབ་སེམས།བརྣབ་སེམས་ནི། གཞན་ཕ་རོལ་གྱི་རྒྱུ་རྫས་ཡིད་དུ་འོང་བ་ལ་དེ་ངའི་ཡིན་ན་དགའ་བ་ལ་སྙམ་དུ་ཡང་དང་ཡང་དུ་ཡིད་ཀྱིས་བདག་གིར་བྱེད་པ་དང༌། དེ་ངས་ལོན་པའི་ཐབས་ཅི་ལྟ་བུ་ཡོད་སྙམ་པ་སོགས། ཡིད་ཙམ་གྱིས་གཞན་ནོར་ལ་འདོད་པ་སྐྱེས་པ་ཐམས་ཅད་ཡིན།


དགུ་པ་གནོད་སེམས།གནོད་སེམས་ནི། གཞན་ལ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་ངས་འདི་དང་འདི་ལ་གནོད་པ་འདི་ལྟ་བུ་བྱའོ་སྙམ་པ་དང༌། གཞན་ལ་དཔལ་འབྱོར་ཡོད་པ་ལ་མི་དགའ་ཞིང༌། འདི་ཙམ་དུ་མ་བདེ་ན་མ་སྐྱིད་ན་འདི་ལ་ཡོན་ཏན་འདི་ལྟ་བུ་མེད་ན་ཅི་མ་རུང་སྙམ་པ་དང༌། གཞན་ལ་མི་འདོད་པ་བྱུང་ན་དེ་ལ་དགའ་བ་བསྒོམ་པ་སོགས་གཞན་ལ་གནོད་པར་སེམས་པ་ཐམས་ཅད་དོ།།
བཅུ་པ་ལོག་ལྟ།ལོག་ལྟ་ནི་རྒྱུ་འབྲས་མེད་པར་ལྟ་བ་དང༌། རྟག་ཆད་དུ་ལྟ་བ་སྟེ། དེ་ཡང་དགེ་བ་ལ་ཕན་ཡོན་དང༌། སྡིག་པ་ལ་ཉེས་པ་མེད་དོ་སྙམ་ནས་རྒྱུ་འབྲས་མེད་པར་ལྟ་བ་ཡིན། རྟག་ཆད་དུ་ལྟ་བ་ནི་མུ་སྟེགས་པ་སྟེ། དེ་ལ་སྤྱིར་ལྟ་ལོག་སུམ་བརྒྱ་དྲུག་ཅུའམ། ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་སུ་དབྱེ་ཡང་བསྡུ་ན་རྟག་ཆད་དུ་ལྟ་བ་གཉིས་ལ་འདུ། དེ་ལ་རྟག་པར་ལྟ་བ་ནི། བདག་རྟག་པར་ལྟ་བ་དང༌། འཇིག་རྟེན་གྱི་བྱེད་པོ་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་རྟག་པར་འདོད། ཆད་པར་ལྟ་བ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་ལས་བྱུང་བར་འདོད་པས། ཚེ་སྔ་ཕྱི་ལས་རྒྱུ་འབྲས། ཐར་པ་དང་གྲོལ་བ་ལ་སོགས་པ་མེད་པར་འདོད་དེ། དབང་ཕྱུག་ནག་པོའི་གཞུང་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང༌། སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང༌། རྨ་བྱའི་མདོངས་བཀྲ་བལྟ་ན་སྡུག་པ་རྣམས། སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང༌། ཞེས་བཤད། ཉི་མ་ཤར་ནས་འཆར་བ་འདི་སུས་ཁྲིད་ནས་འོང་བ་མིན། ཆུ་བོ་ཐུར་དུ་འབབ་པ་འདི་སུས་ཀྱང་དེད་ནས་འགྲོ་བ་མིན། སྲན་མ་ཐམས་ཅད་ཟླུམ་པོ་ཡིན་པ་འདི་སུས་ཀྱང་མ་བསྒྲིལ། ཚེར་མ་ཐམས་ཅད་གཟེངས་རིང་ཞིང་རྣོ་བ་འདི་ལ་སུས་ཀྱང་རྩེ་མ་ཕྱུང༌། རྨ་བྱའི་མདོངས་ཀྱི་ཐིག་ལེ་སྣ་ཚོགས་སུ་བཀྲ་བ་འདི་སུས་ཀྱང་བྲིས་པ་མིན་ཀྱང་རང་གི་ངོ་བོ་ཉིད་ཀྱིས་དེ་ལྟར་ཡིན་པ་ལྟར། འཇིག་རྟེན་དུ་བདེ་སྡུག་དང་ལེགས་ཉེས་སྣ་ཚོགས་སུ་སྣང་བ་ཡང་ངོ་བོ་ཉིད་ཀྱིས་དེ་ལྟར་བྱུང་བ་ཡིན་གྱིས། སྔོན་གྱི་ལས་དང༌། ཚེ་སྔ་བ་དང༌། སྐྱེ་བ་ཕྱི་མ་ལ་སོགས་པ་ནི་མེད་དོ་ཞེས་འདོད། དེ་དག་གི་གཞུང་ལ་བདེན་པར་བཟུང་ནས་དེའི་རྗེས་ཞུགས་པའམ། མིན་ཀྱང་རང་བཞིན་དུ་རྒྱལ་བའི་བཀའ། བླ་མའི་ལུང༌། མཁས་པའི་གཞུང་གང་ལ་ཡང་མི་བདེན་ནོ་སྙམ་དུ་ཐེ་ཚོམ་དང༌། སྒྲོ་སྐུར་བྱེད་པ་ཐམས་ཅད་ཀྱང་ལོག་ལྟ་ཡིན་ནོ།།
    དེ་ལྟར་མི་དགེ་བ་བཅུ་པོ་ལས་ཀྱང་སྲོག་གཅོད་དང་ལོག་ལྟ་གཉིས་པོ་འདི་སྡིག་ཆེ་སྟེ། སྲོག་གཅོད་གོང་ན་སྡིག་གཞན་མེད།། མི་དགེ་བཅུ་ལ་ལོག་ལྟ་ལྕི།། ཟེར་བ་དེ་ཡིན། དེ་ཡང་དམྱལ་བ་པ་མ་གཏོགས་སུ་ལའང་འཆི་བ་ལ་མི་འཚེར་བ་མེད་ཅིང་རང་གི་སྲོག་འདི་ལས་གཅེས་པ་ཅུང་ཟད་ཀྱང་མེད་པས་སྲོག་དེ་གཅོད་པ་སྡིག་པ་ལྷག་པར་ཆེ་ཞིང༌། སེམས་ཅན་གཅིག་གི་སྲོག་བཅད་ཀྱང་སྲོག་ལན་ལྔ་བརྒྱ་འཇལ་དགོས་པ་དང༌། གཞན་ཡང་སེམས་ཅན་གཅིག་གི་སྲོག་བཅད་ཀྱང་བར་གྱི་བསྐལ་བ་ཞིག་ཏུ་དམྱལ་བར་གནས་དགོས་པར་མདོ་དྲན་པ་ཉེར་བཞག་ལས་གསུངས། དེ་ལས་ཀྱང་དཀོན་མཆོག་གི་རྟེན་བཞེངས་པ་དང༌། དགེ་བ་སོགས་ལ་སྙད་བཏགས་ནས་སྲོག་གཅོད་སོགས་སྡིག་པའི་ལས་བྱེད་པ་ནི་ལྷག་པར་ཡང་ལྕི་སྟེ། ཕ་དམ་པའི་ཞལ་ནས། དཀོན་མཆོག་གི་རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར། ཞེས་གསུངས། དེ་བཞིན་དུ་དགེ་བ་བྱེད་པར་རློམ་ནས། བླ་མ་རྣམས་ཁྱིམ་དུ་གདན་འདྲེན་པ་དང༌། དགེ་འདུན་པ་ཚོགས་པ་སོགས་ལ་སེམས་ཅན་བསད་པའི་ཤ་ཁྲག་འདྲེན་པ་ནི། ཡོན་མཆོད་ཐམས་ཅད་ལ་སྲོག་གཅོད་ཀྱི་ཉེས་པ་འགོ་ཞིང༌། སྦྱིན་བདག་གིས་འཚོ་བ་དྲངས་པ་ཡང་སྦྱིན་བདག་ལ་མ་དག་པའི་སྦྱིན་པ་དང༌། མཆོད་ཡུལ་ལ་ལོག་པའི་འཚོ་བར་འགྱུར་ཏེ། དགེ་བ་ལས་ཀྱང་སྡིག་པ་ཆེ་བ་ཡིན། བསད་པ་འཕྲལ་དུ་གསོ་ནུས་པའི་དུས་མ་གཏོགས་སྲོག་གཅོད་ཀྱི་སྡིག་པས་མི་གོས་པའི་དུས་མེད་པས། བླ་མ་རྣམས་ནས་ཀྱང་སྐུ་ཚེ་དང་མཛད་ཕྲིན་ལ་གནོད་པར་ངེས་པས། རྣམ་ཤེས་བདེ་ཆེན་དུ་འདྲེན་ནུས་ན་མ་གཏོགས་སྲོག་གཅོད་ཀྱི་ལས་འདི་ཅི་ནུས་སུ་འཛེམ་དགོས་སོ།།
ལོག་ལྟ་ནི་རྒྱུད་ལ་སྐད་ཅིག་སྐྱེས་ཀྱང་སྡོམ་པ་ཐམས་ཅད་གཏོང༌། ནང་པའི་ཁྱུར་མི་ཚུད། དལ་བའི་ལུས་རྟེན་ཀྱང་མ་ཡིན་པར་འགྱུར་ཞིང༌། རྒྱུད་ལོག་ལྟས་བསླད་ཕྱིན་ཆད་དགེ་བ་བྱས་པ་ཡང་ཐར་པའི་ལམ་དུ་མི་འགྲོ། སྡིག་པ་བྱས་པ་ཡང་བཤགས་པའི་ཡུལ་མེད་པ་ཡིན་ནོ།།
    མི་དགེ་བའི་ལས་བཅུ་པོ་དེ་དག་གི་འབྲས་བུ་ནི། རེ་རེ་ལའང་བཞི་བཞི་སྟེ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ་དང་བཞི་ཡིན། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། མི་དགེ་བ་བཅུ་པོ་གང་ཡིན་ཀྱང༌། ཀུན་སློང་ཞེ་སྡང་གི་དབང་གིས་བྱས་ན་དམྱལ་བར་སྐྱེ། འདོད་ཆགས་ཀྱི་དབང་གིས་བྱས་ན་ཡི་དྭགས་སུ་སྐྱེ། གཏི་མུག་གི་དབང་གིས་བྱས་ན་དུད་འགྲོར་སྐྱེ། ངན་སོང་དེ་དག་ཏུ་སྐྱེས་ན་རང་གི་སྡུག་བསྔལ་ལ་སྤྱོད་དགོས་པ་ཡིན། ཡང་ན་ཀུན་སློང་ཆེན་པོ་ཞེས་བྱ་བ་ཆགས་སྡང་རྨོངས་གསུམ་ཤིན་ཏུ་ཚབས་ཆེ་བ་དང་རྒྱུན་རིང་པོའི་སྒོ་ནས་ལས་བསགས་ན་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེ་བ་ཡིན་ནོ།།
    རྒྱུ་མཐུན་པའི་འབྲས་བུ་ནི། རྣམ་སྨིན་གྱི་འབྲས་བུས་འཕངས་པས་ངན་སོང་གི་གནས་རིས་ལས་ཐར་ནས་མིའི་ལུས་རྟེན་ཐོབ་པའི་དུས་མྱོང་བ་ཡིན་ཀྱང༌། ངན་སོང་གི་གནས་སུ་ཡང་ལས་རང་རང་གི་རྒྱུ་དང་མཐུན་པའི་སྡུག་བསྔལ་གྱི་རྣམ་གྲངས་དུ་མ་ཡོད་པ་ཡིན། རྒྱུ་མཐུན་དེ་ལ་བྱེད་པ་རྒྱུ་མཐུན་དང༌། མྱོང་བ་རྒྱུ་མཐུན་གཉིས་ཡོད། བྱེད་པ་རྒྱུ་མཐུན་ནི་བྱེད་ལས་མཐུན་པར་སྐྱེ་བ་སྟེ། སྔར་སྲོག་གཅོད་བྱེད་པ་ཞིག་ཡིན་ན་ད་ལྟ་ཡང་སྲོག་གཅོད་པ་ལ་དགའ། སྔར་མ་བྱིན་པ་ལེན་པ་ཞིག་ཡིན་ན་ད་ལྟ་ཡང་རྐུ་བ་ལ་དགའ་བ་སོགས་ཡིན། དེས་ན་མི་ཁ་ཅིག་བྱིས་པ་ཆུང་ངུའི་དུས་འབུ་སྦྲང་སོགས་མཐོང་ཚད་གསོད་ཅིང༌། གསོད་པ་ལ་དགའ་བ་དེ་རྣམས་སྔོན་སྲོག་གཅོད་བྱས་པའི་རྒྱུ་མཐུན་པ་ཡིན། དེ་བཞིན་དུ་བྱིས་པ་ཆུང་ངུའི་དུས་ནས་མི་རྣམས་རང་རང་སྔོན་བསགས་ཀྱི་ལས་དབང་གིས་མི་འདྲ་བར། ཁ་ཅིག་ནི་གསོད་པ་ལ་དགའ། ཁ་ཅིག་ནི་རྐུ་བ་ལ་དགའ། ཁ་ཅིག་ནི་དེ་དག་ལ་མི་དགའ་ཞིང་དགེ་བའི་ལས་སྤྲོ་བ་སོགས་ཡོད་པ་དེ་སྔོན་སྤྱད་པའི་ལས་ཀྱི་ལྷག་མའམ། རྒྱུ་མཐུན་པའི་འབྲས་བུ་ཡིན་པས་ན། སྔ་མ་གར་སྐྱེས་ད་ལྟའི་ལུས་ལ་ལྟོས།། ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས།། ཞེས་པ་དེ་ཡིན། དེར་མ་ཟད་དུད་འགྲོ་རྣམས་ལ་ཡང༌། ཁྲ་དང་སྤྱང་ཀི་ལ་སོགས་པ་ནི་གསོད་པ་ལ་དགའ་བ་བྱི་བ་ལ་སོགས་པར་རྐུ་བ་ལ་དགའ་བ་རྣམས་ཀྱང་རང་རང་གིས་སྔོན་བྱས་པའི་བྱེད་པ་རྒྱུ་མཐུན་ཡིན་ནོ།།
    གཉིས་པ་མྱོང་བ་རྒྱུ་མཐུན་ནི། མི་དགེ་བ་བཅུ་པོ་རེ་རེ་ལ་ཡང་གཉིས་གཉིས་ཏེ། སྔོན་སྲོག་གཅོད་བྱས་པའི་འབྲས་བུ་ད་ལྟ་ཚེ་ཐུང་ཞིང་ནད་མང་བ་ཡིན་ཏེ། བྱིས་པ་ཆུང་ངུ་ཁ་ཅིག་སྐྱེས་འཕྲལ་འཆི་བ་དེ་དག་སྔར་སྲོག་གཅོད་བྱས་པའི་རྒྱུ་མཐུན་གྱི་ཡིན་པས། དེ་དག་སྐྱེ་བ་ལན་གྲངས་མང་པོའི་བར་དུ་སྐྱེས་ཙམ་ན་འཆི་བ་ཤས་ཆེ་བ་ཡིན། དེ་བཞིན་དུ་མི་ཁ་ཅིག་ཆུང་ངུའི་དུས་ནས་ནད་ཀྱི་རྣམ་གྲངས་མང་པོས་མནར་ཞིང༌། རྒས་ནས་འཆི་ལ་ཐུག་གི་བར་དུ་ནད་ཀྱིས་མི་གཏོང་བ་དེ་དག་ཀྱང་སྔར་སྲོག་གཅོད་དང་བརྡུང་བརྡེག་བྱས་པའི་ལས་འབྲས་སྨིན་པ་ཡིན་པས། འཕྲལ་རྐྱེན་མང་པོའི་བཅོས་ཐབས་ལ་བསམ་བློ་མི་གཏོང་བར། སྔོན་བྱས་ཀྱི་ལས་ལ་བཤགས་པ་དང་འགྱོད་སྡོམ། ལས་ངན་གྱི་གཉེན་པོ་དགེ་སྒྲུབ་སྡིག་སྤོང་སོགས་ལ་འབད་དགོས་པ་ཡིན་ནོ།།
    མ་བྱིན་པར་བླངས་པས་ལོངས་སྤྱོད་དབུལ་བ་དང༌། གལ་ཏེ་ལོངས་སྤྱོད་ཅུང་ཟད་རེ་ཡོད་ནའང་འཕྲོག་པ་དང་རྐུ་བ་ལ་སོགས་དགྲ་ཟླ་དང་ཐུན་མོང་བར་འགྱུར། དེས་ན་ད་ལྟ་ཡང་ནོར་དང་ལོངས་སྤྱོད་ཀྱི་དབུལ་བ་རྣམས་ཀྱང་འབད་རྩོལ་རི་བོ་ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བ་ཡིན། རང་ལ་སྔོན་གྱི་སྦྱིན་འབྲས་ཀྱིས་ནོར་དང་ལོངས་སྤྱོད་ལ་དབང་སྐལ་མེད་ན་ཚེ་འདིར་འབད་རྩོལ་ཆེ་བས་མི་ཕན་ཏེ། རྐུན་མ་དང་ཇག་པ་ཕལ་ཆེར་གྱི་དུས་རེ་རེའི་རྙེད་པ་ལ་བལྟས་ན། དེ་འདྲ་མང་པོ་རྙེད་ན་ས་སྟེང་དུ་ཤོང་དཀའ་བ་ཙམ་འདུག་ཀྱང༌། མི་ཚེ་ཇག་རྐུན་ལ་སྐྱེལ་མཁན་ཐམས་ཅད་མཐར་མུ་གེས་འཆི་བར་འདུག་པ་དང༌། དེ་བཞིན་དུ་ཚོང་བྱེད་པ་དང༌། དཀོར་ཟ་བ་སོགས་རྙེད་པ་ཅི་ཙམ་ཆེ་ཡང་མི་ཕན་པར་མཐོང་ལ། རང་ལ་སྔོན་གྱི་སྦྱིན་འབྲས་ཤིག་ཡོད་ན། འབད་རྩོལ་ཅུང་ཟད་ཀྱང་མེད་པའི་མི་མང་པོ་ཚེ་གཅིག་ཏུ་ལོངས་སྤྱོད་ཀྱིས་མི་གཏོང་བ་ཡང་ཡོད་པས། ལོངས་སྤྱོད་ཨེ་ཡོང་རེ་ན་མཆོད་སྦྱིན་ལ་འབད་དགོས་པ་ཡིན། འཛམ་གླིང་ལས་ཀྱི་ས་ཆ་འདིར་ཚེ་སྟོད་བྱས་པ་ཚེ་སྨད་ལ་སྨིན་པ་ཤས་ཆེ་ཞིང༌། ཞིང་ས་ཁྱད་པར་ཅན་རེ་དང་འཕྲད་ན་འཕྲལ་དུ་ཡང་སྨིན་པར་འགྱུར་བ་ཡིན། དེའི་ཕྱིར་ལོངས་སྤྱོད་ཡོད་དུ་རེ་ནས་གཡོ་སྒྱུས་ཚོང་དང༌། རྐུ་བ་སོགས་མ་བྱིན་པར་ལེན་པ་ལ་བརྩོན་པ་ནི། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བ་ཞེས་བྱ་སྟེ། བསྐལ་བ་མང་པོའི་བར་དུ་ཡི་དྭགས་ཀྱི་སྐྱེ་གནས་ལས་མི་ཐར་ཞིང༌། ཚེ་འདིར་ཡང་མཐར་ལས་ཀྱི་སུན་མས་སླེབ་ནས་ཇེ་དབུལ་ཇེ་ངན་དུ་འགྱུར་བའམ། ལོངས་སྤྱོད་ཅུང་ཟད་རེ་ཡོད་ཀྱང་དེ་ལ་སྤྱོད་དབང་མེད་པ་དང༌། རང་གིས་སེར་སྣའི་རྒྱུ་ལས་ཅི་ཙམ་འབྱོར་བཞིན་ཕོངས་སེམས་དང་མེད་སྣང་ཆེར་བ་འགྲོ་བ་དང༌། ལོངས་སྤྱོད་སྡིག་པའི་རྒྱུར་འགྲོ་བ་སོགས་ལོངས་སྤྱོད་ཡོད་ཀྱང་བེད་མི་ཆོད་པ་ཡི་དྭགས་ཀྱི་གཏེར་སྲུང་ལྟ་བུར་འགྱུར་བ་ཡིན། དེས་ན་ལྟར་སྣང་ཕྱུག་པོ་ལྟར་སྣང་བ་རྣམས་ཀྱང་ལེགས་པར་བརྟགས་ན་ལོངས་སྤྱོད་དེ་ལ་འདི་དང་ཕྱི་མའི་བདེ་སྐྱིད་ཀྱི་རྒྱུར་འགྱུར་བའི་ཆོས་དང༌། ལྟོ་གོས་སོས་དལ་གྱི་བེད་མ་ཆོད་ན་དབུལ་པོ་ལས་ཀྱང་ཐ་ཆད་ཅིང༌། ད་ལྟ་ཉིད་ནས་ཡི་དྭགས་ཀྱི་རྒྱུ་མཐུན་སླེབ་པ་རྣམས་མ་དག་པའི་སྦྱིན་འབྲས་ཡིན་ནོ།།

དགུ་པ་གནོན་སེམས།

འདོད་པས་ལོག་པར་གཡེམ་པའི་འབྲས་བུ་ནི། ཁྱིམ་ཐབ་མི་མཛེས་ཤིང༌། ལྷོད་པ་ཅན་དང༌། དགྲ་ཟླ་ལྟ་བུ་འབྱུང་བར་གསུངས། ད་ལྟ་བཟའ་ཚོ་ཕལ་ཆེར་དུས་རྟག་ཏུ་འཐབ་རྩོད་དང་འཁོན་འཛིང་ཁོ་ན་བྱེད་པ་རྣམས་ཀྱང༌། སྐྱེས་པའམ་བུད་མེད་དེ་གཤིས་ངན་པས་ཡིན་སྙམ་པ་འདུག་སྟེ། དེ་དག་ཀྱང་རང་རང་གི་སྔོན་འདོད་ལོག་སྤྱད་པའི་རྒྱུ་མཐུན་སླེབ་པ་ཡིན་པས། གཅིག་གིས་གཅིག་ལ་ཞེ་སྡང་མི་བསྐྱེད་པར་རང་གི་སྔོན་བྱས་ཀྱི་ལས་ངན་སྨིན་པ་ཤེས་པར་བྱས་ནས་བཟོད་བསྲན་བསྐྱེད་དགོས་ཏེ། རྗེ་དམ་པ་རིན་པོ་ཆེའི་ཞལ་ནས། བཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ།། ངན་ཤག་འཐབ་མོ་མ་བྱེད་དིང་རི་བ།། ཞེས་གསུངས། རྫུན་དུ་སྨྲ་བའི་མྱོང་བ་རྒྱུ་མཐུན་གྱིས་རང་ལ་སྐུར་བ་འདེབས་པ་མང་བ་དང༌། གཞན་གྱིས་བསླུ་བར་བྱེད་པ་མང་བ་ཡིན། དེས་ན་ད་ལྟ་རང་ལ་མ་ཉེས པའི་ཁ་ཡོག་དང་སྐུར་བ་འདེབས་པ་སོགས་བྱུང་ན་དེ་ཡང་ངག་གིས་སྔོན་རྫུན་དུ་སྨྲས་པའི་འབྲས་བུ་ཡིན་པས་དེ་ལྟར་སྨྲ་བ་པོ་ལ་ཞེ་སྡང་བསྐྱེད་པ་དང༌། ངན་ཤག་གི་རྩོད་པ་སོགས་མི་བྱེད་པར་འདིས་བདག་གི་ལས་ངན་མང་པོ་འཛད་པས་དྲིན་ཆེའོ་སྙམ་དུ་དགའ་བ་བསྒོམ་དགོས་ཏེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན།། གཏམ་མ་ཉེས་ཁ་ཡོག་དགེ་སྐུལ་གྱི་ལྕག་འདེབས།། འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས།། ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད།།

ཅེས་གསུངས། ཕྲ་མ་བྱས་པའི་རྒྱུ་མཐུན་གྱིས། འཁོར་གཡོག་མི་མཐུན་པ་དང༌། བདག་ཉིད་ལ་རྒོལ་བ་སོགས་འབྱུང་སྟེ། བླ་མའི་གྲྭ་ཚང་ངམ། དཔོན་གྱི་སྐུ་འཁོར། དུད་ཚང་གི་གླ་གཡོག་ཕལ་ཆེར་ནང་མི་འདུམ་ཞིང༌། ཅི་ཙམ་སྨྲས་ཀྱང་ཉན་དུ་མི་བཏུབ་པར་སླར་ལ་རྒོལ་བ་འབྱུང་སྟེ། མི་ཁྱིམ་ཕལ་གྱི་གླ་གཡོག་རྣམས་ལས་སླ་བ་ཞིག་ལ་མངགས་ཀྱང་ལན་གཉིས་ལན་གསུམ་གྱི་བར་དུ་མ་ཐོས་པ་ལྟར་བྱེད། དེར་ཞེ་སྡང་ལངས་ནས་དྲག་ཏུ་སྨྲས་ཙ་ན་མ་མོས་བཞིན་དུ་དལ་གྱིས་སོང་ནས་ལས་དེ་བསྒྲུབས་ཀྱང༌། གཟོད་ལས་དེ་ལྟ་བུ་བྱས་ཡོད་ཅེས་གཏམ་ལན་ཙམ་ཡང་མི་བྱེད་པར་རྟག་ཏུ་གཤིས་ངན་ཁོ་ན་ལ་གནས་པ་དེ་དག་ཀྱང༌། དཔོན་པོ་རང་གིས་སྔོན་ཕྲ་མ་བྱས་པའི་ལས་འབྲས་སྨིན་པ་ཡིན་པས་ལས་ངན་ལ་འགྱོད་པ་བསྐྱེད། རང་གཞན་གྱི་འཁོན་པ་སྡུམ་པ་ལ་འབད་དགོས་པ་ཡིན། ཚིག་རྩུབ་པོ་སྨྲས་པས། རྟག་ཏུ་མི་སྙན་པ་ཐོས་ཤིང༌། རང་གིས་སྨྲས་པ་ཡང་འཐབ་མོའི་ཚིག་ཏུ་འགྱུར། ལར་ཚིག་རྩུབ་པོ་འདི་དག་ནི་མི་དགེ་བ་རྣམས་ལས་ཉེས་པ་ཆེས་ལྕི་ཤོས་ཡིན་ཏེ། འཇིག་རྟེན་དཔེ་ལ་ཡང༌། ཚིག་ལ་མདའ་མཚོན་མེད་ཀྱང་མི་སེམས་ཚལ་བར་གཏོང་ཟེར་བ་ལྟར། ཕ་རོལ་པོའི་རྒྱུད་ལ་ཞེ་སྡང་གློ་བུར་དུ་སྐྱེད་པ་དང༌། ཁྱད་པར་ཡུལ་གཉན་པོ་ལ་ཚིག་ངན་གཅིག་སྨྲས་པས་ཀྱང༌། ཚེ་རབས་མང་པོའི་བར་དུ་ངན་སོང་ནས་མི་ཐར་བྱེད་པ་ཡང་ཡོད་དེ། སྔོན་བྲམ་ཟེ་སེར་སྐྱ་བྱ་བས། སངས་རྒྱས་འོད་སྲུང་གི་དགེ་སློང་རྣམས་ལ། རྟ་ཡི་མགོ་ཅན། བ་གླང་གི་མགོ་ཅན་ཞེས་པ་ལྟ་བུ་ཚིག་ངན་མང་པོ་སྨྲས་པས། ཆུ་སྲིན་ཉའི་རིགས་མགོ་བཅོ་བརྒྱད་ཡོད་པར་སྐྱེས་པ་དེ་བསྐལ་པའི་བར་དུ་མི་ཐར་ཞིང༌། དེ་ལས་འཕོས་ནས་ཀྱང་དམྱལ་བར་སྐྱེ་བར་གསུངས་པ་དང༌། གཞན་ཡང་དགེ་སློང་མ་ཞིག་གིས། དགེ་སློང་མ་གཞན་ལ་ཁྱི་མོ་ཞེས་བརྗོད་པས། ཁྱི་མོའི་སྐྱེ་བ་ལྔ་བརྒྱ་བླངས་པ་སོགས་དེ་ལྟ་བུ་དུ་མ་ཡོད་པས། དུས་རྟག་ཏུ་འཇམ་པོར་སྨྲ་བ་ལ་བསླབ་ཅིང༌། ཁྱད་པར་འཕགས་པའི་གང་ཟག་དང་བྱང་ཆུབ་སེམས་དཔའ་གང་ན་ཡོད་མི་ཤེས་པར་ཐམས་ཅད་ལ་དག་སྣང་སྦྱང༌། ཡོན་ཏན་དང་བསྔགས་པ་བརྗོད་དགོས། བྱང་ཆུབ་སེམས་དཔའ་ཞིག་ལ་སྐུར་བ་འདེབས་པ་དང་ངན་སྨྲས་བྱས་ན་ཁམས་གསུམ་སེམས་ཅན་བསད་པ་ལས་ཉེས་པ་ལྕི་བར་གསུངས་ཏེ། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ།། བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ།། དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས།།

ཞེས་གསུངས། ངག་ཀྱལ་བའི་རྒྱུ་མཐུན་གྱིས་རང་གི་ཚིག་མི་བཙུན་ཞིང་སྤོབས་པ་ཆུང་བར་གསུངས་པས། དྲང་པོར་སྨྲས་ཀྱང་གཞན་གྱིས་བདེན་དུ་མི་འཛིན་པ་དང་མང་པོའི་ནང་དུ་གཏམ་བཤད་ལྟ་བུ་ལ་རང་ཉིད་སྤོབས་པ་ཆུང་བ་འབྱུང་བ་ཡིན། བརྣབ་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུར་ཡིད་པ་བསམ་པ་མི་འགྲུབ་ཅིང་མི་འདོད་པ་ཐོག་ཏུ་འབབས། གནོད་སེམས་ཀྱིས་འཇིགས་ཤིང་སྐྲག་པ་དང་འཚེ་བ་མང༌། ལོག་ལྟས་ལྟ་བ་ངན་པ་ཐམས་ཅད་གནས་ཤིང༌། གཡོ་སྒྱུས་རང་གི་སེམས་འཁྲུགས་པ་འབྱུང་ངོ༌། དབང་གི་འབྲས་བུ་ནི། ཡུལ་ལ་སྨིན་པ་སྟེ། སྲོག་གཅོད་ཀྱིས་ས་ཕྱོགས་ཉམས་མི་དགའ་ཞིང་ངམ་གྲོག་དང་གཡང་ས་ཅན་ལ་སོགས་སྲོག་ལ་མི་གནོད་པ་ཅན་དུ་སྐྱེ། མ་བྱིན་པར་བླངས་པས་ལོ་ཏོག་ལ་སད་སེར་སྡང༌། ལྗོན་ཤིང་ལ་འབྲས་བུ་མི་ཆགས། མུ་གེ་ཡོད་པའི་སར་སྐྱེ། ལོག་པར་གཡེམ་པས་བཤང་ལྕི་འདམ་རྫབ་ལ་སོགས་པ་ཡིད་དུ་མི་འོང་བར་གནས་དགོས་པའོ།།

རྫུན་གྱིས་འབྱོར་བ་མི་བརྟན་ཞིང་རྟག་ཏུ་ཤེས་པ་རྟབས་ཤིང་སྐྲག་པའི་ཡུལ་རྐྱེན་དང་འཕྲད། ཕྲ་མས་ཡུལ་ངན་གྲོག་དང་གཅོང་རོང་སོགས་བགྲོད་དཀའ་བར་གནས་དགོས། ཚིག་རྩུབ་པོས་རྡོ་གསེག་ཚེར་མ་ཅན་ལ་སོགས་པའི་ས་ཕྱོགས་ཡིད་མི་བདེ་བར་སྐྱེ། ངག་འཁྱལ་གྱིས་སོ་ནམ་བྱས་ཀྱང་འབྲས་བུ་མི་འབྱུང༌། དུས་ཚིགས་ལོག་ཅིང་མི་བརྟན་པར་སྐྱེ། བརྣབ་སེམས་ཀྱིས་ལོ་ཏོག་ཉེས་ཤིང་གནས་དུས་ངན་པའི་སྡུག་བསྔལ་མང་པོ་འབྱུང༌། གནོད་སེམས་ཀྱིས་རྟག་ཏུ་འཇིགས་པ་དང་འཚེ་བ་མང་བའི་ཡུལ་དུ་སྐྱེ། ལོག་ལྟས་འབྱོར་བ་ཉུང་ཞིང་སྐྱབས་དང་དཔུང་གཉེན་མེད་པར་སྐྱེ། སྐྱེས་བུའི་བྱེད་པའི་འབྲས་བུ་ལས་གང་བྱས་པ་དེ་མང་པོར་འཕེལ་ནས། སྐྱེ་བ་དང་ཚེ་རབས་སུ་སྡུག་བསྔལ་མུ་མཐའ་མེད་པར་བརྒྱུད་པ་དང༌། སླར་ཡང་ལས་ངན་གོང་ནས་གོང་དུ་འཕེལ་ནས་འཁོར་བ་མུ་མཐའ་མེད་པར་འཁྱམས་པར་འགྱུར་བ་ཡིན་ནོ།།

བསྒྲུབ་བྱ་དགེ་བའི་ལས།

བསྒྲུབ་བྱ་དགེ་བའི་ལས་བཅུ་ནི། སྤྱིར་མི་དགེ་བ་བཅུ་པོ་དེ་དག་གི་ཉེས་དམིགས་ཤེས་ནས་དེ་མི་བྱེད་སྙམ་པའི་སྡོམ་པ་ཡང་དག་པར་བླངས་པ་དེ་དགེ་བ་བཅུ་ཡིན་ཏེ། སྲོག་མི་གཅོད་པ་དང༌། མ་བྱིན་པ་མི་ལེན་པ་སོགས་བཅུ་ཡིན། དེ་ཡང་བླ་མ་དང་མཁན་པོ་ལྟ་བུའི་དྲུང་ནས་ཁས་བླངས་པ་མི་དགོས་ཏེ། རང་གིས་དུས་གཏན་དུའམ། གནས་དུས་འདི་ལྟ་བུར་ཞེས་པའམ། སེམས་ཅན་འདི་དང་འདི་ལྟ་བུའི་སྲོག་མི་གཅོད་སྙམ་པ་སོགས་དགེ་བའི་ལས་ཡིན་ཞིང༌། བླ་མ་དགེ་བའི་བཤེས་གཉེན་ནམ་དཀོན་མཆོག་གི་རྟེན་ལ་སོགས་པའི་དྲུང་ནས་ཁས་བླངས་ན་ནི་ལྷག་པར་སྟོབས་ཆེ། དེས་ན་རང་བཞིན་དུ་སྲོག་གཅོད་པ་ལྟ་བུས་མི་འོང་གིས་གང་ལྟར་ཡང་མི་དགེ་བའི་ལས་དེ་མི་བྱེད་སྙམ་པའི་དམ་བཅའ་ཞིག་དགོས་པ་ཡིན། དེའི་ཕྱིར་ཁྱིམ་པ་སོགས་སྲོག་གཅོད་ཀྱི་ལས་གཏན་དུ་སྤོངས་མི་ནུས་པ་རྣམས་ནས་ཀྱང་ལོ་རེའི་ནང་ནས། ཧོར་ཟླ་དང་པོ་ཆོ་འཕྲུལ་གྱི་ཟླ་བ་དང༌། ཟླ་བ་བཞི་པ་ས་ག་ཟླ་བ་ལྟ་བུ་ལ་སྲོག་མི་གཅོད་པར་དམ་བཅའ་བའམ། ཡང་ན་ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔ་དང༌། གནམ་སྟོང་ལ་སྲོག་མི་གཅོད་པ་དང༌། གཞན་ཡང་ལོ་དང་ཟླ་བ་ཞག་ལ་སོགས་པར་དམ་བཅའ་བྱས་ཀྱང་ཕན་ཡོན་ཆེན་པོ་ཐོབ་སྟེ། སྔོན་འཕགས་པ་ཀ་་ནའི་དྲུང་དུ་གནས་པའི་གྲོང་གི་ཤན་པས་མཚན་མོ་སྲོག་མི་གཅོད་པ་ཁས་ལེན་བྱས་པ་ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ། ཉིན་མོ་ལྕགས་བསྲེགས་ཀྱི་ཁང་པར་སྡུག་བསྔལ་མྱོང་ཞིང་མཚན་མོ་གཞལ་མེད་ཁང་དུ་ལྷ་མོ་བཞིས་བསྐོར་ནས་བདེ་སྐྱིད་མྱོང་བ་ལྟ་བུ་ཡིན། དེའི་ཕྱིར་དགེ་བ་བཅུ་ཞེས་པ་ནི། མི་དགེ་བ་བཅུ་སྤངས་ཤིང་གཉེན་པོ་དཀར་ཕྱོགས་ཉམས་སུ་ལེན་པ་ཡིན།

ལུས་ཀྱི་དགེ་བ་གསུམ།

དེ་ཡང་སྲོག་གཅོད་པ་སྤངས་ནས་སེམས་ཅན་གྱི་སྲོག་བསྐྱབ་དགོས། དེ་ལུས་ཀྱི་དགེ་བ་དང་པོ་ཡིན། མ་བྱིན་པ་པར་ལེན་པ་སྤངས་ནས་སྦྱིན་པ་གཏོང་དགོས། དེ་ལུས་ཀྱི་དགེ་བ་གཉིས་པ་ཡིན། འདོད་ལོག་སྤངས་ནས་ཚུལ་ཁྲིམས་བསྲུང་དགོས། དེ་ལུས་ཀྱི་དགེ་བ་གསུམ་པ་ཡིན།

ངག་གི་དགེ་བ་བཞི།

རྫུན་སྤངས་ནས་བདེན་པར་སྨྲ་དགོས། དེ་ངག་གི་དགེ་བ་དང་པོ་ཡིན། ཕྲ་མ་སྤངས་ནས་འཁོན་པ་ཟླུམ་དགོས། དེ་ངག་གི་མི་དགེ་བ་གཉིས་པ་ཡིན། ཚིག་རྩུབ་སྤངས་ནས་སྙན་པར་སྨྲ་དགོས། དེ་ངག་གི་དགེ་བ་གསུམ་པ་ཡིན། ངག་འཁྱལ་སྤངས་ནས་ཁ་ཏོན་བྱེད་དགོས། དེ་ངག་གི་དགེ་བ་བཞི་བ་ཡིན།

ཡིད་ཀྱི་དགེ་བ་གསུམ།

བརྣབ་སེམས་སྤངས་ནས་གཏོང་སེམས་འཆང་དགོས། དེ་ཡིད་ཀྱི་དགེ་བ་དང་པོ་ཡིན། གནོད་སེམས་སྤངས་ནས་ཕན་སེམས་བསྒོམ་དགོས། དེ་ཡིད་ཀྱི་དགེ་བ་གཉིས་པ་ཡིན། ལོག་ལྟ་སྤངས་ནས་ཡང་དག་པའི་ལྟ་བ་རྒྱུད་ལ་བསྟེན་དགོས། དེ་ཡིད་ཀྱི་དགེ་བ་གསུམ་པ་ཡིན། དེ་དག་གི་རྣམ་སྨིན་གྱི་འབྲས་བུ་ནི་མཐོ་རིས་གསུམ་གང་རུང་དུ་སྐྱེ། བྱེད་པ་རྒྱུ་མཐུན་གྱིས་ཚེ་རབས་ཐམས་ཅད་དུ་དགེ་བ་བྱེད་པ་ལ་སྤྲོ་ཞིང་དགེ་བ་གོང་འཕེལ་དུ་འགྱུར། མྱོང་བ་རྒྱུ་མཐུན་སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་ཉུང༌། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་དང་ལྡན་ཞིང་དགྲ་རྐུན་མེད། འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་ཤིང་དགྲ་ཟླ་ཉུང༌། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་ལ་གུས། ཚིག་རྩུབ་སྤངས་པས་སྙན་པར་ཐོས། ངག་འཁྱལ་སྤངས་པས་འཚེ་བ་དང་བྲལ། ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ། དབང་གི་འབྲས་བུ་ནི། ཡུལ་ལ་སྨིན་པས། སྔར་མི་དགེ་བའི་འབྲས་བུ་དེ་དག་ལས་ལྡོག་སྟེ། ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་བར་འགྱུར་བ་ཡིན། སྐྱེས་བུའི་བྱེད་པའི་འབྲས་བུ་ནི། དགེ་བའི་ལས་གང་བྱས་པ་དེ་མངོན་པར་འཕེལ་ནས། བསོད་ནམས་རྒྱུན་མི་ཆད་པ་འབྱུང་བ་ཡིན་ནོ།།

 

Share this:
༣༦༧ ཀློག་གྲངས།