ཕྲུ་གུ་ཚོ་བོད་པའི་སློབ་གྲྭར་སྐྱེལ་རྒྱུ་གལ་ཆེ།

དེ་བཞིན་རང་རེའི་བོད་མི་ཚོར་མཚོན་ནའང་བོད་ཡིག་དེ། འདས་ཟིན་པའི་མེས་པོ་དམ་པ་ཐོན་མིས་དཀའ་སྡུག་གྲངས་མེད་ཀྱི་ལམ་ནས་གསར་གཏོད་མཛད་དེ་བོད་གངས་ཅན་གྱི་ལྗོངས་འདིིར་ལེགས་སྐྱེས་བཟང་པོ་ཞིག་ཕུལ་བར་བརྟེན། ད་ཆ་ཡང་བོད་རྒྱལ་ཁབ་ཀྱི་རིན་ཐང་དེ་རྒྱལ་སྤྱིའི་སྟེང་རྟ་བདུན་གྱི་འོད་ཟེར་བཞིན་འཕྲོ་བཞིན་ཡོད་པ་མ་ཟད། བོད་ཡིག་ནི་ཆེས་རྙིང་གྲས་ཀྱི་ཡི་གེ་ཞིག་ཡིན་པར། ཡིག་རིགས་གཞན་དང་མི་འདྲ་བའི་རིན་ཐང་ཞིག་ཡོད་པས་ལྷག་པར་དུ་བདག་ཉར་བྱ་དགོས།  སྔར་རང་རེའི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་དཀྱོག་མཚམས་སམ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བོད་རྒྱལ་ཁབ་ལ་འཕྲད་པའི་དབང་གིས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད་ལ། ང་དང་ང་ལྟ་བུའི་ཤ་ཁྲག་བོད་མི་ལས་མཆེད་པའི་མི་ཡུལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་དགོས་བྱུང་བ་ཡང་མང་པོ་རེད། ཤེས་ལྡན་རྣམ་པས་བསམ་བློ་ཞིབ་ཚགས་བཏང་ན། རྒྱལ་ཁབ་ཀྱི་མངའ་ཐང་དར་རྒུད་ནི་ལྡོག་ཐབས་བྲལ་བའི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ནའང། འདས་ཟིན་པའི་ལོ་རྒྱུས་རྒྱང་རིང་དུ་མ་བཞག་པར། སྔར་རང་རེའི་བྱ་བ་གང་ཕྱོགས་ནས་འཐུས་ཤོར་ཕྱིན་པ་དེ་དག་ལ་བསྒྱུར་བཅོས་གཏོང་དགོས་པ་ནི་འདས་ཟིན་པའི་ལོ་རྒྱུས་ལས་ང་ཚོས་ལེན་འོས་པའི་བསླབ་བྱ་ཞིག་ཡིན།  གོང་ཞུས་ལྟར་རང་མི་རིགས་དང་རྒྱལ་ཁབ་མཚོན་བྱེད་ཀྱི་ཡི་གེ་ནི་བོད་མི་ཚོས་བདག་ཉར་དང་སློབ་སྦྱོང་བྱེད་དགོས་པ་ནི། ང་ཚོའི་གཉའ་བར་འཁྲི་བའི་ལས་འགན་ཡིན་ལ། ངེས་པར་དུ་བསྒྲུབ་དགོས་པའི་བྱ་བཞག་ཅིག་ཀྱང་ཡིན།  སྤྱིར་བཙན་བྱོལ་དུ་འབྱོར་བའི་བོད་མི་ཚོས་གཞིས་ལུས་བོད་མི་ཚོ་ལས་བོད་ཡིག་ལ་བདག་ཉར་དང་སློབ་སྦྱོང་བྱེད་དགོས། རྒྱུ་མཚན་ནི་གཞིས་ལུས་བོད་མི་ཚོའི་སེམས་ནང་བོད་ཡིག་སྦྱང་འདོད་ཀྱི་འདུན་པ་དྲག་པོ་ཡོད་ནའང་འཇིགས་སྐྲག་གི་ཁོར་ཡུག་འོག་ཏུ་བསམ་དོན་འགྲུབ་ཀྱི་མེད། 

དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ཡིག་ལ་སྦྱང་བཙོན་དང་བདག་ཉར་བྱས་ན། གཞིས་ལུས་བོད་མིའི་བསམ་དོན་བསྒྲུབས་པ་མ་ཟད། བོད་མི་རིགས་ཀྱི་ཆགས་འཇིག་གི་གནས་བབ་ལས་སྐྱོབ་པའི་ལམ་སྟོན་གྱི་སྒྲོན་མེ་ཞིག་ཀྱང་ཡིན། སྤྱིར་བཙན་བྱོལ་བོད་མི་མང་ཆེ་བས་བོད་ཡིག་བདག་ཉར་བྱས་དང་བྱེད་བཞིན་ཡོད་པ་ནི། མི་རིགས་དང་རྒྱལ་ཁབ་གཅིག་སྲ་བརྟན་ཡོང་བའི་ལས་འགན་བཟང་པོ་ཞིག་བསྒྲུབ་ཀྱི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། ཡང་ལས་ཀྱི་སྣེ་མོ་བ་འགའ་ཞིག་གིས།  བོད་མི་བཙན་བྱོལ་བའི་གཞིས་ཆགས་དང་སློབ་གྲྭའི་ནང་གཏམ་བཤད་བྱེད་སྐབས། བོད་ཡིག་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པའི་སྐོར་གཏན་ཚིགས་དཔེ་དང་སྦྲགས་ནས་བཤད་ཀྱི་ཡོད་ནའང། དོན་དངོས་ཐོག་ཁོ་རང་ཚོའི་ཕྲུ་གུ་དེ་དག་བོད་པའི་སློབ་གྲྭར་མ་བཏང་བར་ཕྱི་རྒྱལ་གྱི་སློབ་གྲྭར་བཏང་བ་ལའང་“ཕ་བསད་བུ་ལ་རྒྱུ་མཚན་ཡོད་”ཅེས་པའི་དཔེ་ལྟར་རྒྱུ་མཚན་ཡོད་སྲིད། འོན་ཀྱང་དེ་ཚོར་“ངོ་གཉིས་མ་”ཞེས་པའི་ཐ་སྙད་ལས་གཞན་མི་ཐོབ་ལ། འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ནང་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཞེས་པ་དང་གཉིས་སུ་མ་མཆིས། རང་ཉིད་ཀྱི་རྒྱུན་ལྡན་བསམ་བློའི་ནང་བོད་ཡིག་ནི་ཡིག་རིགས་གཞན་དང་མི་འདྲ་བ་མ་ཟད། ཆེས་ཕུན་སུམ་ཚོགས་པའི་ཡི་གེ་ཞིག་ལ་ངོས་འཛིན་གྱི་ཡོད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རང་རེའི་བོད་ཡིག་ནི་ཤིན་ཏུ་རྩ་ཆེན་གྱི་ནོར་བུ་ཞིག་ཡིན་པ་དང། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དེ་དག་ལ་དེང་དུས་སློབ་སྦྱོང་བྱེད་དགོས་ཚེ། སྔར་བོད་ཡིག་ནང་བསྒྱུར་ཟིན་པའི་བཀའ་འགྱུུར་དང་བསྟན་འགྱུར་པོ་ཏི་རྣམས་ཀྱི་དོན་ཡོངས་སུ་རྫོགས་པ་སྟོན་ཐུབ་མཁན་བོད་ཡིག་ལས་ཡི་གེ་གཞན་མེད་པའི་སྐོར་གྱི་གསུང་བཤད་གནང་བ་སོགས་ལས། སྤྱིར་བོད་ཡིག་ནི་འཛམ་གླིང་སྟེང་གནས་རིམ་ཇི་ཙམ་ལ་སླེབས་ཡོད་པ་ཡང་གསལ་པོ་ཤེས་ཐུབ། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་མགོ་ནག་བྱིངས་ཀྱིས་བོད་ཡིག་རྒྱང་རིང་པོར་མ་བཞག་པར་ཆུང་ས་ནས། ཉིན་རེའི་འཚོ་བའི་ནང་བོད་ཡིག་གི་ཐ་སྙད་ཡོད་པའི་དངོས་རྫས་རིགས་བོད་སྐད་ཐོག་ནས་བརྗོད་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང།   ད་ལྟའི་བོད་ཡིག་གི་གནས་བབ་དེ་ལེགས་ཙམ་ཡོད་པ་ནི་མེས་པོ་དམ་པ་ཚོས་རང་གི་བོད་ཡིག་ལ་བཅངས་པའི་འགྱུར་མེད་བརྩེ་སེམས་ཀྱི་འབྲས་བུ་ཡིན་པ་དང། མ་འོངས་པའི་ལོ་ངོ་ལྔ་བཅུའི་དུས་ལ་བོད་ཡིག་གི་གནས་བབས་དེ་ཕྱོགས་གང་འདྲ་ཞིག་ལ་སླེབས་མིན་ནི། ད་ལྟའི་བོད་མི་ཚོས་བོད་ཡིག་ལ་བདག་ཉར་ཇི་འདྲ་བྱེད་ཕྱོགས་ལ་རག་ལས་ཡོད་པས། ངེས་པར་དུ་བོད་མི་ཚོས་མ་འོངས་པའི་བོད་ཕྲུག་ཚོར་ལེགས་སྐྱེས་བཟང་པོ་ཞིག་འཇོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།།

{jcomments on}

Share this:
༨༧ ཀློག་གྲངས།