རྒྱལ་བ་ཀརྨ་པའི་དངུལ་འབོར་ཆེ་བའི་རྩོད་གཞི།

ཕྱི་ལོ་༢༠༡༡ ཟླ་༡ ཚེས་༢༩ ནས་འགོ་བཙུགས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་རྒྱ་གར་ཉེན་རྟོག་པས་དཔལ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་རྒྱལ་བ་ཀརྨ་པའི་བཞུགས་གནས་༼དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་༽ནས་རྒྱ་དངུལ་ཚུད་པའི་ཕྱི་རྒྱལ་གྱི་དངུལ་འབོར་ཆེན་ཐོན་པའི་གནས་ཚུལ་འགོད་སྤེལ་བྱས་འདུག་པའི་ནང༌། རྒྱ་གར་གྱི་གཞུང་འབྲེལ་མིན་པའི་གསར་འགྱུར་བརྒྱུད་ལམ་NDTVདྲང་ཤུགས་ཆེ་ཤོས་སུ་བརྩི་ཡི་ཡོད་པ་ལྟར། ད་རེས་དོན་རྐྱེན་དེའི་ཐོག་བློ་གཟུ་བོར་གནས་པའི་གནས་ཚུལ་སྤེལ་འདུག་པ་སྟེ་“བོད་ཀྱི་བླ་མ་ཆེ་གྲས་རྒྱ་ནག་གཞུང་གིས་ཧི་མ་ཅལ་མངའ་གཞུང་དུ་ཡོད་པའི་གསང་ཉུལ་”ཡིན་ནམ་ཞེས་པའི་དྲི་ཚིག་གཅིག་འགོ་བརྗོད་དུ་བཀོད་འདུག

རྒྱུན་དུ་གནས་ཚུལ་དོན་ཆུང་ཙག་ཙིག་རྣམས་ཕྱོགས་བསྡོམས་ཀྱིས་འདོན་སའི་‘‘Breaking News’’ཞེས་པའི་ས་ཆའི་ནང་འདོན་མཁན་གྱི་བརྒྱུད་ལམ་ཆུང་ཆུང་འགའ་རེས་ད་རེས་ཧང་སངས་སང་དང་ཧ་ལས་པའི་ངང་“དངུལ་འབོར་ཆེན་པོ་”ཐོན་སྐོར་ཤོད་ཚུལ་འདྲ་མིན་སྣ་ཚོགས་ཤིག་བཤད་ཡོད་པ་དེ་ནི། གཅིག་བྱས་ན་རང་ཉིད་ཀྱི་བརྒྱུད་ལམ་ལ་མི་རྣམས་ཀྱིས་རྒྱུན་དུ་དོ་སྣང་ཆུང་སྐྱོན་གྱིས་ད་རེས་སྐད་གྲགས་ཆོད་ན་སྙམ་སྟེ་གནས་ཚུལ་གསལ་པོ་མ་བྱུང་སྔོན་ཁོང་ཚོས་གང་བཤད་བྱེད་འཇུག་རྒྱུ་ལས་མ་འདས། འདི་གའི་བརྒྱུད་ལམ་ཁག་དེ་ལྟ་བུའི་རང་དབང་ཟང་ཟིང་ཆེ་བ་ཡོད་པ་དེ་ནི་རྒྱ་ནག་སྲིད་དབང་གཅིག་བསྡུས་ཀྱི་དབང་བསྒྱུར་ལས་ལྡབ་སྟོང་གྱུར་གྱི་ཡག་པོ་ཡོད་དབང་དུ་བཏང་ཡང༌། འཛམ་གླིང་གི་མི་ཚོས་རང་ཉིད་ཀྱི་བློ་རིག་ལ་བརྟེན་ནས་བདེན་རྫུན་གྱི་རྣམ་དབྱེ་ཕྱེ་རྒྱུ་ལས་མ་འདས།   

 
གནས་ཚུལ་འབྱུང་རྐྱེན་ནི་འདི་ལྟར་རེད། ཐོག་མར་རྒྱ་གར་ཉེན་རྟོག་པས་ཨུ་ན་ཞེས་པའི་རི་གྲོང་ཞིག་ནས་ཉེན་རྟོག་པས་རྒྱ་གར་བའི་ཡུལ་མི་གཉིས་ཀྱི་ལག་ནས་རྒྱ་གར་གྱི་དངུལ་དམར་བྱེ་བ་གཅིག་ལྷག་ཡོད་པ་སྔོག་བཤེར་བྱས་ཏེ་འདོན་སྐབས་རྒྱ་གར་ཡུལ་མི་གཉིས་ཀྱིས་དངུལ་འདི་རྣམས་རྒྱལ་བ་ཀརྨ་པའི་བཞུགས་གནས་དགོན་པར་ཡོད་པའི་ལས་སྣེ་ཞིག་ལ་སྤྲོད་རྒྱུ་ཡིན་སྐོར་བཤད་མཐར། དེ་མ་ཐག་རྒྱ་གར་ཉེན་རྟོག་པས་རྡ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་རྒྱལ་བ་ཀརྨ་པའི་བཞུགས་གནས་སུ་སྔོག་བཤེར་བྱེད་སྐབས་སླར་ཡང་ལས་སྣེ་གཞན་ཞིག་གི་སྡོད་ཁང་ནས་རྒྱལ་ཁབ་འདྲ་མིན་གྱི་དངུལ་འབོར་ཕོན་ཆེ་ཐོན་ནས་རྒྱ་གར་སྒོར་མོ་བྱེ་བ་བརྒྱད་ལྷག་ཙམ་གྱི་དངུལ་འབོར་ཡོད་པ་ལག་སོན་བྱུང་བ་རེད།

ཧི་མ་ཅལ་མངའ་གཞུང་ནས་དངུལ་འབོར་ཆེན་པོ་དེ་དག་གི་འབྱུང་ཁུངས་ག་ནས་ཡིན་པར་དོགས་གཞི་བྱུང་སྟེ། མངའ་སྡེའི་བློན་ཆེན་ཆེ་གེ་མོ་ཞིག་གིས་“གལ་ཏེ་ཕྱི་རྒྱལ་གྱི་དངུལ་ལོར་གང་འཚམས་ཐོན་པ་ངས་གོ་ལ། ལེན་ཐུབ་ནའང་རྒྱ་ནག་གི་མི་དམངས་ཤོག་སྒོར་མང་པོ་འདི་ཙམ་ཐོན་འདུག་པས། གལ་ཏེ་ཁོང་ཚོ་རྒྱ་ནག་གིས་ཕྱིར་འབུད་བྱས་པ་ཡིན་ན། དངུལ་མང་པོ་འདི་ཙམ་ག་ནས་བྱུང་བ་རེད་”ཟེར། དཔོན་རིགས་དེས་རྒྱལ་བ་ཀརྨ་པ་རྒྱ་ནག་གཞུང་ཕྱོགས་ནས་ཕྱིར་འབུད་བྱས་པར་ཐུགས་དོགས་བྱུང་ཡོད་པར་རེ་ཞིག་ཁོ་བོས་གླེང་འདོད་མེད་ཀྱང༌། བོད་མི་རྣམས་དབུལ་ཕྱུག་གི་ཁྱད་པར་མེད་པར་སོ་སོའི་རྩ་བའི་བླ་མ་དང་དགོན་པར་ཞལ་འདེབས་འབུལ་རྒྱུར་སེར་སྣ་རྩ་བ་ནས་མེད་པར་གཏོང་ཕོད་ཆེན་པོས་འབུལ་རྒྱུ་ག་ཚོད་བྱུང་བ་དེ་ནི་ཁོང་ཚོའི་སྤོབས་པ་དང་གཟི་བརྗིད་ཅིག་ལ་བརྩི་ཡིི་ཡོད་པ་རེད།

རྒྱལ་བ་ཀརྨ་པ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་ལོ་༡༡ ཕྱིན་ཡོད་པ་དང༌། ལོ་ལྟར་རྒྱ་ནག་དང་བོད་ནས་འབྱོར་བའི་ནང་པའི་དད་ལྡན་མི་གྲངས་ཧ་ཅང་མང་པོས་རྒྱ་ནག་གི་མི་དམངས་ཤོག་སྒོར་ཁྱེར་ནས་ཁོང་ལ་དད་རྟེན་དུ་འབུལ་གྱི་ཡོད། དེའི་ཐོག་འཛམ་གླིང་ཡུལ་གྲུ་མང་པོའི་དད་ཅན་སློབ་མ་རྣམས་ཀྱིས་གཏོོང་ཕོད་ཆེན་པོས་ཁོང་ལ་སོ་སོས་གསོག་ཉར་བྱས་པའི་དངུལ་རྣམས་དད་རྟེན་དུ་འབུལ་གྱི་ཡོད་སྟབས། རྒྱ་གར་གྱི་དངུལ་བྱེ་བ་འགའ་ཤས་ཕུལ་བར་ཧང་སངས་མི་དགོས་པར། ཨ་རིའི་ཌོ་ལར་ཡིན་ནའང་ཧ་ལས་ཡ་མཚན་སྐྱེ་མི་འོས་པ་ཞིག་རེད། དངོས་འབྲེལ་བྱས་ན་རྒྱ་གར་ནི་ཆོས་ལུགས་མང་བའི་རྒྱལ་ཁབ་ཆེན་པོ་གཅིག་ཡིན་དུས་དངུལ་ལོར་དད་རྟེན་དུ་ཕུལ་བ་ཁོང་ཚོའི་ངོས་ནས་བཤད་ན་གནས་ཚུལ་གསར་པ་གང་ཡང་མ་རེད།

འོན་ཀྱང༌། ད་རེས་དེ་སྔ་དང་མི་འདྲ་བར་གསར་འགྱུར་བརྒྱུད་ལམ་གཅིག་པུ་ཙམ་མ་ཡིན་པར། མངའ་གཞུང་དཔོན་རིགས་དང་ཉེན་རྟོག་པས་དངུལ་འབོར་ཆེན་པོ་འདིའི་འབྱུང་གཞིའི་སྐོར་དོགས་གནས་ཡོད་ཚུལ་གྱིས་གནས་ཚུལ་གཞན་ཞིག་གི་ཐོག་གླེང་ཕྱོགས་བཟོ་བཞིན་ཡོད་པ་དེ་ནི་“རྒྱ་ནག་གི་གསང་ཉུལ་”ཡིན་མིན་གྱི་དོན་རྐྱེན་འདིའི་སྐོར་རེད།

རྒྱལ་བ་ཀརྨ་པས་རྡ་རམ་ས་ལའི་ཉེ་འཁོར་ས་ཆ་ཞིག་ཏུ་དགོན་པ་གསར་བཞེངས་གནང་རྒྱུའི་ཆེད་ས་ཆ་ཉོ་བའི་འཆར་གཞི་ཐེངས་འགའ་ཕུལ་བར་རྒྱ་གར་ཕྱོགས་ནས་དགོན་པ་དེ་ནི་(China Friendly) རྒྱ་ནག་དང་ཉེ་འབྲེལ་ཡིན་ཚུལ་གླེང་གི་ཡོད་པས་གནས་ཚུལ་དེ་དག་ག་ནས་གོ་ཐོས་བྱུང་ཡོད་མིན་ད་ལྟ་བཤད་མེད་ཀྱང༌། གལ་ཏེ་དངོས་བདེན་ཡིན་དབང་ལ་བཏང་ནའང༌། རྒྱ་གར་ཕྱོགས་ནས་ག་དུས་ཡིན་ནའང་སུན་སྣང་མེད་པའི་ཐོག་ནས་རྒྱ་ནག་ཕྱོགས་ལ་“རྒྱ་ནག་གཅིག་གི་སྲིད་བྱུས་བཟུང་སྟེ་རྒྱ་གར་གི་མངའ་ཁོངས་སུ་བོད་མི་གཅིག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་བྱེད་འཇུག་གི་མེད་”པའི་རྒྱ་གར་གཞུང་གི་དགོངས་པ་དང་མཐུན་པ་མ་ཡིན་ནམ།

རྒྱ་གར་ས་གནས་ཉེན་རྟོག་པས་རྒྱལ་བ་ཀརྨ་པ་རྒྱ་ནག་གི་གསང་ཉུལ་ཡིན་པ་ནི། “ཁོང་སྔ་ས་རྒྱ་གར་ནང་བཙན་བྱོལ་དུ་མ་སླེབས་གོང་ནས་ཇུས་འགོད་བྱས་ཟིན་པ་”ཟེར་བ་ནི་དེ་བས་ཀྱང་ཁུངས་མེད་ཀྱི་འཆལ་གཏམ་ཞིག་རེད། རྡ་རམ་ས་ལར་གནས་ཚང་དུ་བཞུགས་པ་དང་མ་འོངས་པར་བོད་མི་ས་ཡ་མང་པོའི་ལས་དབང་དང་འབྲེལ་བའི་འགན་འཁུར་ཆེན་པོ་ཞིག་བཞེས་ཐུབ་པའི་བོད་བརྒྱུད་ནང་བསྟན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་གི་བླ་ཆེན་ཞིག་ཆགས་རྒྱུར་བརྟེན། སོ་སོའི་དད་ཅན་སློབ་མ་དང་མི་མང་ལ་རྒྱབ་འགལ་གང་འདྲ་བྱས་ནས་བྱེད་ཕོད་ཀྱི་རེད་དམ། བོད་བརྒྱུད་ནང་བསྟན་གྱི་བླ་མ་ཞིག་གལ་ཏེ་རང་གི་དད་ཅན་སློབ་མ་དང་ཁ་བྲལ་ན་ཁོང་གང་ཡང་མ་རེད། རྒྱལ་བ་ཀརྨ་པ་བོད་ནས་ངལ་བ་ཁྱད་དུ་བསད་དེ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་དེས། ཁོང་གི་མཚན་སྙན་ཡར་ངོའི་ཟླ་བཞིན་དར་ཁྱབ་བྱུང་ཡོད་པས། ཁོང་གིས་རྒྱ་ནག་གཞུང་གིས་ཁོང་ལ་སྤྲད་སྲིད་པའི་“རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཞོན་”ཟེར་བའི་མིང་ཆུང་ཆུང་གཅིག་གི་དོན་དུ་བོད་མི་ཡོངས་རྫོགས་དང་ཁ་གཏད་དུ་ལངས་སྲིད་ཀྱི་རེད་དམ།

རྒྱ་ནག་གཞུང་ཕྱོགས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་ག་དུས་ཡིན་ནའང་ཚོར་བ་རྣོན་པོ་དེ་ལྟར་བྱས་པར་མི་རྣམས་གོ་བ་ལེན་མ་ཐུབ་པ་ཞིག་རེད། ད་རེས་ཀྱི་“དངུལ་འབོར་ཆེན་པོ་”ཟེར་བའི་གནད་དོན་འདི་དངོས་འབྲེལ་བྱས་ན་དུས་ཚོད་ཐུང་ཐུང་གཅིག་ནང་ཐག་གཅོད་བྱེད་ཐུབ་པ་ལས་རྒྱ་བསྒྲགས་བོད་བསྒྲགས་དེ་ཙམ་བྱེད་དགོས་དོན་མེད།

རྒྱལ་བ་ཀརྨ་པའི་བླ་བྲང་གི་ཕྱོགས་ནས་ད་རེས་ནོར་འཁྲུལ་ག་རེ་ཤོར་ཡོད་རེད་ཅེ་ན། དེང་དུས་དང་མཐུན་པའི་རྩིས་པ་དངུལ་གཉེར་ཚད་ལྡན་ཞིག་བསྐོ་འཛུགས་མ་བྱས་པར་དེ་སྔའི་སྲོལ་རྒྱུན་ལྟར་མི་བློས་འཁེལ་བ་ཞིག་ལ་དངུལ་རྣམས་དོ་དམ་བྱེད་བཅུག་པ་དེ་རེད། ཁྲིམས་རྨོངས་ཀྱི་བྱེད་ཚུལ་དེས་མི་གཞན་གྱིས་དད་རྟེན་དུ་ཕུལ་བའི་དངུལ་རྣམས་གཞུང་ལ་དཔྱ་ཁྲལ་འབུལ་དགོས་པ་གཅིག་བྱས་ན་ཤེས་ཀྱི་མེད་སྲིད།

མདོ་དོན། ད་རེས་དངུལ་འབོར་ཆེན་པོ་དེ་གཞུང་བཞེས་གཏོང་གི་ཡོད་ནའང་འདྲ། ཉེས་པ་གཏོང་གི་ཡོད་ནའང་འདྲ། གང་ལྟར་ཁྲིམས་ལུགས་ལྟར་ཐག་གཅོད་གནང་གི་ཡོད་པ་ཡིན་ན་ཁུངས་ལུང་རྒྱུ་མཚན་མེད་པའི་གསང་ཉུལ་ཟེར་བའི་སྐད་ཆ་དེ་རྣམས་མཉམ་བསྲེ་བྱེད་མི་འོས་པ་རེད།།

{jcomments on}

Share this:
༩༦ ཀློག་གྲངས།