ཆོས་ཀྱིས་སྤྱི་ཚོགས་ཡར་རྒྱས་སོགས་ལ་མི་གནོད་པའི་སྐོར།

ཚེ་ཕྱི་མ་ཕན་ཆད་ཀྱི་དོན་དག་ལ་བསམ་བློ་གཏོང་བདེ་བ་དེ་ཤུགས་ཆེ་བ་ཞིག་ཡོང་དགོས་ཀྱི་ཡང་རེད། དེ་འདྲའི་ལྟ་ཚུལ་ཞིག་ཡོད་པ་རེད། དེའི་རྐྱེན་པས་ཚེ་འདིའི་འཛུགས་སྐྲུན་བྱེད་རྒྱུ་དང༌། ཡར་རྒྱས་གཏོང་རྒྱུ་དེ་དག་ལ་ཆོག་ཤེས་བྱས་ནས་སྡོད་པའི་བསམ་བློ་ཞིག་ཡོད་པ་རེད། དེ་ཡིས་རྐྱེན་པས་ལུང་པ་ཡར་རྒྱས་འགྲོ་བ་ལ་གནོད་ཀྱི་འདུག་ཟེར་ནས་བཤད་བསྡད་པ་དེ་རེད། དེར་ཡང་བསམ་བློ་ཞིག་གཏོང་དགོས་པ་རེད་འདུག
    སངས་རྒྱས་བཅོམ་ལྡན་གྱིས་ཆོས་ལ་འཕྲལ་གྱི་བསྒྲུབ་བྱ་མངོན་མཐོ། གནས་སྐབས་ཀྱི་བདེ་བ་མངོན་མཐོ། མཐར་ཐུག་གི་བདེ་བ་ཐར་པ་ཞེས་གསུངས་ཡོད་པ་རེད། གནས་སྐབས་ཀྱི་བདེ་བ་མངོན་མཐོ་ཟེར་བ་དེ་ག་རེ་རེད་ཟེར་ལབ་ན། མིའི་ལུས་རྟེན་གྱིས་མཚོན་པའི་མངོན་མཐོའི་ལུས་རྟེན་དེ་དག་གནས་སྐབས་ཀྱི་བདེ་བ་ཞིག་རེད། དེ་དགོས་ཀྱི་ཡོད་པ་རེད། དེ་འཐོབ་བྱ་ལ་བརྩིས་ཡོད་པ་རེད་མ་གཏོགས། དེ་དོར་བྱར་བཤད་ཡོད་པ་མ་རེད། ལྷག་པར་དུ་ཡང་མཐར་ཐུག་གིས་ངེས་ལེགས་བསྒྲུབ་པ་ལ་མངོན་མཐོ་བརྒྱུད་ནས་བསྒྲུབ་དགོས་པ་དེ་གསལ་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས། མངོན་མཐོའི་ལུས་རྟེན་ཟེར་བ་དེ་འཐོབ་བྱ་གལ་ཆེ་ཤོས་ཤིག་རེད། ད་ལྟ་རྩིག་རྨང་གི་ཚོད་འདྲ་པོ་དེ་མངོན་མཐོའི་ལུས་རྟེན་ཆགས་ཡོད་པ་རེད།
    མངོན་མཐོའི་ལུས་རྟེན་དེའི་ཐོག་ལ་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་བྱས་ནས། ལུས་སྟོབས་དང་ལྡན་པ། ཚེ་རིང་བ། ནད་མེད་པ། འབྱོར་བ་དང་ལྡན་པ། ཡོན་ཏན་ཡོད་པ། དྲང་པོ། ལྷག་བསམ་ཅན། དེ་འདྲ་ཞིག་གི་ཁྱད་ཆོས་གསུང་གི་ཡོད་པ་རེད། དེ་འདྲ་ཡིན་དུས། སངས་རྒྱས་པའི་ཆོས་ཉམས་ལེན་གྱིས་ལབ་དུས། ལམ་སེང་ཚེ་བློས་གཏོང་ཟེར་བའི་སྐད་ཆ་དེའི་གོ་བ་ལེན་སྟངས་དེ། ཚེ་འདི་རྐྱང་རྐྱང་ལ་མཐའ་གཅིག་ཏུ་ཞེན་ཆགས་བྱེད་པ་དེ་མ་བྱེད་ཟེར་གྱི་ཡོད་པ་རེད་མ་གཏོགས། ཚེ་འདིའི་ཕུན་ཚོགས་དེ་དོར་བྱ་རེད་ཟེར་གྱི་ཡོད་པ་མ་རེད།
    དེ་འདྲ་ཡིན་དུས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ནང་ལ་ཕུན་ཚོགས་སྡེ་བཞི་ཟེར་བ་ཞིག་གསུངས་འདུག་གཱ། ཕུན་ཚོགས་སྡེ་བཞི་ཟེར་བ་དེ་ག་རེ་རེད་ཟེར་ལབ་ན། འབྲས་བུ་མངོན་མཐོའི་ཕུན་ཚོགས་གཅིག་བྱས། ཐར་པའི་ཕུན་ཚོགས་གཅིག་བྱས། ཤེས་སོང་ངམ། འཕྲལ་གྱི་མངོན་མཐོའི་ཕུན་ཚོགས། མཐར་ཐུག་གི་ངེས་ལེགས་ཕུན་ཚོགས། ཕུན་ཚོགས་དེ་གཉིས་པོ་དེ་བསྒྲུབ་རྒྱུའི་ཐབས་དེ་ག་རེ་རེད་ཟེར་ན། འཕྲལ་གྱི་མངོན་མཐོ་བསྒྲུབ་རྒྱུ་འདྲ་པོ་རེད། མངོན་མཐོའི་ཕུན་ཚོགས་ཀྱི་རྒྱུ་དེ། རྒྱུ་ནོར་ལོངས་སྤྱོད་དགོས་ཀྱི་ཡོད་པ་རེད། མཐར་ཐུག་ངེས་ལེགས་ཀྱི་ཕུན་ཚོགས་བསྒྲུབ་རྒྱུའི་རྒྱུ་དེ་ཆོས་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཐར་པ། ནོར། ཆོས། འདོད་པ་བཅས་བཞི་པོ་དེར་ཕུན་ཚོགས་སྡེ་བཞི་ཟེར་གྱི་འདུག་གཱ། ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། ཟེར། བྱས་ཙང་གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོའི་ཕུན་ཚོགས། མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་ཕུན་ཚོགས། དེ་གཉིས་བསྒྲུབ་བྱེད་ཀྱི་ཆ་རྐྱེན་དང་རྒྱུ་དེ། ངེས་ལེགས་བསྒྲུབ་བྱེད་བསླབ་པ་གསུམ་གྱི་བསྡུས་པའི་ཆོས། མངོན་མཐོ་བསྒྲུབ་བྱེད་ཀྱི་ཆོས་དེ་རྒྱུ་ནོར་ལོངས་སྤྱོད། དཔལ་འབྱོར་དགོས་ཀྱི་འདུག་གཱ། དེ་ཙམ་དུ་མ་ཟད་པར་ང་རང་ཚོའི་སྤྱི་ཚོགས་ཀྱི་ཆ་ནས་བསམ་བློ་བཏང་བ་ཡིན་ནའང༌། ལུང་པ་ཡར་རྒྱས་སུ་འགྲོ་དགོས་པ་རེད། སྤྱི་ཚོགས་ཡར་རྒྱས་སུ་འགྲོ་དགོས་པ་རེད། དེ་དཔེ་མི་སྲིད་པའི་ཡག་པོ་ཡོད་པ་རེད།
    ཆོས་ཕྱོགས་ཀྱི་བསམ་བློ་བྱས་པ་ཡིན་ན། རང་སྒེར་གྱི་ངོས་ནས་འདོད་ཆུང་ཆོག་ཤེས་བྱས། སོ་སོར་དགོས་ངེས་ཀྱི་ཆ་རྐྱེན་དེ་དག་གི་ཐོབ་ཐང་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བའི་གྲྭ་པ་ཚོ་ལ་འཚོ་བ་བསྟེན་སྟངས་དེ་འདོད་པ་བསོད་སྙོམས་ཀྱི་མཐའ། ངལ་ཞིང་དུབ་པའི་མཐའ། དེ་གཉིས་ཀ་སྤང་དགོས་པ་རེད་གསུངས་ཡོད་པ་རེད། འདོད་པ་བསོད་སྙོམས་ཀྱི་མཐའ་ཟེར་བ་དེ་ག་རེ་རེད་ཟེར་ལབ་ན། རྒྱས་སྤྲོས་མ་བྱེད་གསུང་གི་ཡོད་པ་རེད། རྒྱས་སྤྲོས་བྱས་ན་བསོད་ནམས་ཉམས་འགྲོ་བའི་རྐྱེན་དུ་འགྲོ་ཡི་ཡོད་པ་རེད། ངས་ནམ་རྒྱུན་རྩེད་མོ་བརྩེས་ནས་བཤད་བསྡད་ཀྱི་ཡོད། འབྱོར་ལྡན་ཚོར་གྲོད་ཁོག་ཆེ་བ་ཞིག་གང་ཡང་ཡོད་པ་མ་རེད། སྐྱོ་པོ་ཚོའི་གྲོད་ཁོག་ཆེ་ཆུང་དང་འབྱོར་ལྡན་གྱི་གྲོད་ཁོག་ཆེ་ཆུང་གཅིག་པ་རེད། བྱས་ཙང༌། སྐྱོ་པོ་ཚོས་ཁ་ལག་ག་ཚད་ཅིག་ཟ་གི་ཡོད་པ་དེ་ཙམ་ཞིག་གི་ཚོད་ཅིག་ཟ་རྒྱུ་རེད་མ་གཏོགས། འབྱོར་ལྡན་ཡིན། ང་ལ་ལྟོ་ཆས་ཟ་རྒྱུ་མང་པོ་ཡོད་ཟེར་ལབ་ནས་ཞེ་པོ་ཞིག་ཟོས་ན། ཁོ་རང་གི་གྲོད་ཁོག་ན་བ་དང༌། ཕོ་བ་ན་བ་དང༌། གྲོད་ཁོག་བཤལ་རྒྱུ་མ་གཏོགས་གང་ཡང་མེད།
    དེ་ག་ནང་བཞིན་ང་འབྱོར་ལྡན་ཡིན་ཞེས་རྒྱན་ཆ་ཕ་ལམ་གྱི་ཚིགས་ཁེབས་འདྲ་པོ་བརྒྱ་ཕྲག་སྟོང་ཕྲག་ཡོད་ནའང༌། མཛུབ་མོ་བཅུ་མ་གཏོགས་ཡོད་པ་མ་རེད། ཕ་ལམ་ཚིགས་ཁེབས་བརྒྱ་ཕྲག་གཅིག་ཡོད་ན། དགུ་བཅུ་ཐམ་པ་སྒམ་ནང་ལ་བཞག་རྒྱུ་རེད་མ་གཏོགས། སོ་སོའི་གཟུགས་པོ་ལ་བཏགས་རྒྱུ་གང་ཡང་ཡོད་པ་མ་རེད། བཏགས་པའི་དབང་དུ་བཏང་ཡང་ལག་པའི་མཛུབ་མོ་བཅུ་ལ། ཕ་ལམ་ཚིགས་ཁེབས་བཅུ་འདོགས་རྒྱུ་རེད། དེ་འདྲ་བཏགས་ན་ལན་པོ་ཞིག་གང་ཡང་མི་འདུག་གཱ། ང་རང་ཚོས་ཚིགས་ཁེབས་ལ། ཨ་ཕོ་མཐེ་བོ་རོགས་རོགས། ཞིམ་པོའི་སྐྱོ་བ་ལྡག་མཁན། གསེར་གྱི་ཚིགས་ཁེབས་གྱོན་མཁན། བྱས་པ་རེད། འདིས་གསེར་གྱི་ཚིགས་ཁེབས་འདྲ་པོ་གྱོན་གྱི་ཡོད་པ་རེད་མ་གཏོགས། གཞན་མཛུབ་མོ་བཅུ་ཚང་མར་གསེར་གྱི་ཚིགས་ཁེབས་རེ་གོན་ན་ལན་པོ་ཞིག་གང་ཡང་མི་འདུག ལྷག་པར་དུ་ང་ཚོ་བོད་པས་སྤགས་ཟ་དགོས་བྱུང་ན། ཚིགས་ཁེབས་མང་པོ་ཡོད་ན་དེ་ནས་ཚིགས་ཁེབས་ཀྱི་ནང་ལ་སྐྱོ་མ་འགོས་ནས་ཡག་པོ་གང་ཡང་ཡོང་གི་མི་འདུག དེ་འདྲ་ཡིན་དུས་ཙ་ནས། འབྱོར་ལྡན་ཡིན་ཟེར་ང་ལ་རྒྱུ་ཅ་ལག་ཡོད་ཟེར་ཞེ་པོ་ཞིག་བྱེད་རྒྱུ་ཞིག་གང་ཡང་མི་འདུག་གཱ། སོ་སོའི་གྲོད་ཁོག སྤྱིར་བཏང་གི་མིའི་གྲོད་ཁོག་ལ་དཔག་པའི་ཁ་ལག་ཟ་རྒྱུ་རེད། ལྟོ་ཆས་ཟ་རྒྱུ་རེད། རིན་གོང་ཏོག་ཙམ་ཆེ་བ་ཞིག་ཡོད་འགྲོ། དེ་ཡིན་ན་ཨ་རག་འཐུང་རྒྱུ་དེ་རེད། གོང་ཆེན་པོ་སྤྲད་པའི་ཨ་རག་འཐུང་ནས། དེ་ནི་སོ་སོའི་མཆིན་པ་འཕྲོ་བརླག་འགྲོ་རྒྱུ་ཞིག་མ་གཏོགས་ཆོ་གང་ཡང་མི་འདུག་གཱ།
    དེ་འདྲ་ཡིན་དུས་སོ་སོ་སྒེར་གྱི་ངོས་ནས་བསོད་སྙོམས་ཀྱི་མཐའ་རྒྱས་སྤྲོས་དེ་ཡང་མི་དགོས་པ་བྱས། ཡང་ངལ་ཞིང་དུབ་པའི་མཐའ་ཞེས་མུ་སྟེགས་པ་ཁ་ཤས་ཀྱིས་སོ་སོས་དཀའ་ཐུབ་བསྟེན་ནས། དཀའ་ཐུབ་རྐྱང་རྐྱང་གི་ཐོག་ནས་སྡིག་པ་དག་པ་དང༌། སྒྲིབ་པ་དག་པ་ཡོང་གི་རེད་ཟེར་གྱི་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས་དེ་མ་རེད་གསུང་གི་ཡོད་པ་རེད། སྒྲིབ་པ་དག་པ་སེམས་ཀྱི་ཐོག་ནས་བྱེད་དགོས་པ་རེད་མ་གཏོགས། གཟུགས་པོས་སྡུག་སྦྱོང་བྱས་ནས་སྡུག་ལས་ཀྱི་ཐོག་ནས་སྡིག་པ་དག་པ་ཡོང་གི་མ་རེད། ཕྲན་བུ་ཕྲན་བུ་ཡོང་གི་རེད་དེ། ཡིན་ནའང་དེ་གལ་ཆེན་པོ་མ་རེད་གསུང་གི་ཡོད་པ་རེད། དེ་འདྲ་ཡིན་པ་ཡིན་དུས། ངལ་ཞིང་དུབ་པའི་མཐའ་གཉིས་ཀ་སེལ་ནས། འཚོ་བ་བསྟེན་སྟངས་དེ་འདྲ་ཞིག་དགོས་པ་རེད་གསུང་གི་འདུག་གཱ། སྒེར་གྱི་ཐོག་ནས་དེ་འདྲ་ཞིག་བྱས།
    ཡིན་ནའང་སྤྱི་པ་དེ། སྤྱི་པའི་མི་མང་དེ་དག་ཚང་མ་ལ་བདེ་སྐྱིད་ཡོད་པ་ཞིག ཚང་མ་ལ་དཔལ་འབྱོར་ཡོད་བསྡད་པ་ཞིག་གི་ཐོག་བསམ་བློ་གཏོང་དགོས་པ་རེད། དེ་འདྲ་ཡིན་དུས། ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ངོ་མ་ཞིག་བསམ་བློ་བཏང་བ་ཡིན་ན། སྒེར་སོ་སོའི་ངོས་ནས་འདོད་ཆུང་ཆོག་ཤེས་བྱས། སྤྱི་པའི་ཐོག་ལ་ཡར་རྒྱས་གཏོང་རྒྱུའི་ནུས་པ་བཏོན། ལས་ཀ་བྱས། དེ་ལྟར་བྱས་ཡོང་དུས་ལུང་པ་ཡར་རྒྱས་འགྲོ་བ་ལ་གནོད་ཡག་མི་འདུག་གཱ། ལུང་པ་ཡར་རྒྱས་འགྲོ་བ་ལ་གནོད་པ་འགྲོ་རྒྱུ་མེད་པའི་ཐོག་ལ། ལྐོག་ཟ་རུལ་སུངས་མ་ཡོང་བར་ཁྱད་པར་འདུག་གཱ།
    ཕྱོགས་གཅིག་ནས་སྒེར་གྱི་འདོད་ཆུང་ཆོག་ཤེས་བྱས། དེའི་ཐོག་ལ་དྲང་བདེན། བརྩེ་བ། ལས་རྒྱུ་འབྲས། གཞན་ཕན་གྱི་ལྷག་བསམ། དེ་ཚོའི་གྲས་སླེབས་ཡོང་དུས་ཀློག་ཟ་རུལ་སུངས་མི་ཡོང་བའི་གཉེན་པོ་གཙོ་བོ་དེ་ཚོའི་གྲས་རེད།
    དེ་འདྲ་ཡིན་དུས། མའོ་ཙེ་ཏུང་གིས་སྤྱིར་ཆོས་སྤྱི་དང༌། ལྷག་པར་དུ་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱིས་བོད་ཡར་རྒྱས་འགྲོ་བ་ལ་གནོད་ཀྱི་རེད་བྱས་ནས་བཤད་བསྡད་པ་དེ། ཆོས་མ་ཤེས་པའི་སྐད་ཆ་རེད། འོ་དེ་འདྲ་རེད།།

Share this:
༡༧༠ ཀློག་གྲངས།