ཡིད་སྐྱོའི་གནས་ཚུལ།

བཀའ་གདམས་གླེགས་བམ་ལས། ང་སྙིང་རྗེ་ཆེ་བས་ཞིང་ཁམས་དག །ང་སྣ་ཚོགས་སྤྲུལ་པ་སྟོན་ན་ཡང་། །རྒྱུད་མ་དག་རྣམས་ལ་ཅི་ཆ་ཡོད། །ཅེས་སོགས་གསུངས་པ་ལྟར་སྤྲུལ་པ་འབྱམས་ཀླས་བསྟན་ནས་མཁའ་ཁྱབ་སེམས་ཅན་གྱི་དོན་མཛད་པའི་ཚད་ནི་སྤྱན་དང་མངོན་པར་ཤེས་པ་མངའ་བ་མ་གཏོགས་ཚུར་མཐོང་བྱིས་པའི་བློ་ཅན་རྣམས་ཀྱིས་བརྗོད་པའི་ཡུལ་མིན་ནའང། རྗེ་བླ་མའི་འགགས་མ་ཐག་པའི་སྤྲུལ་པའི་ཡ་གྱལ་གཅིག་ནི་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་འཛིན་གྲུབ་ཆེན་ཞིག་ཡིན་པའི་རབ་བྱེད་ཁོང་ཡུལ་ཕྱོགས་དེའི་ཀརྨ་ཀམ་ཚང་པ་རྣམས་ལ་ཡོངས་སུ་གྲགས་པ་ལྟར་ཁོ་བོ་ཅག་རྣམས་ཀྱིས་ཀྱང་ཡིད་ཆེས་འོས་པའི་མཚན་མ་བཟང་པོ་མཇལ། ཡིན་ནའང་། སྐུ་ཚེ་འདིར་བདག་སོགས་སྐལ་བཟང་ཅན་རྣམས་གདུལ་བའི་དོན་ཁོ་ནའི་སླད་དུ། མངོན་རྟོགས་རྒྱན་ལས། བསམ་བཞིན་སྲིད་པ་ལེན་པ་དང་། །ཞེས་པ་ལྟར་ཐུགས་ཀྱི་བཞེད་པ་བཞིན་དུ་འཕགས་ཡུལ་ལུམྦི་ནི་གཉིས་པ་སྡེ་བཞི་དགེ་བཅུ་ཚང་བའི་སྨན་ལྗོངས་ཀུ་སེ་ཞེས་པ་རུ་ཕྱི་ལོ་ ༡༩༢༧ ལོར་སྐུ་བལྟམས་པའི་ཚུལ་བསྟན། ནམ་ཞིག་ན། སངས་རྒྱས་དངོས་གྱུར་གྲུབ་ཆེན་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་དང་། གྲུབ་ཆེན་སྡེ་གཞུང་ཨ་འཇམ་རྡོ་རྗེ་འཆང་དང་། གྲུབ་ཆེན་གསང་བདག་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལ་སོགས་པ་རྣམས་མཉེས་པ་གསུམ་གྱིས་ལེགས་པར་བསྙེན་འབྲས་སུ་རིང་པོ་མ་ཐོགས་པར་མཁས་གྲུབ་ཀྱི་གོ་འཕང་མཐོན་པོ་བརྙེས། དེ་ལྟར་སྐུ་གཞོན་ནུའི་དུས་ནས་མཁས་གྲུབ་ཀྱི་གོ་འཕང་ཆེན་པོ་ལ་བསྙེགས་པའི་རྒྱུ་ཅན་ལས་སྐུ་ཡི་བགྲང་བྱ་ཉེར་ལྔ་ཙམ་བཞེས་པའི་ཚེ་སྔོན་དུས་འགྲོ་བའི་མགོན་པོ་བླ་ཆེན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་མཆོག་ཉིད་ཆེན་པོ་ཤར་གྱི་འགྲོ་དོན་ལ་ཆིབས་ཞལ་བསྒྱུར་བའི་སྐབས་སུ་ཕྱག་བཏབ་པའི་བྱིན་ཅན་གསེར་ལྗོངས་དགོན་པའི་བཤད་གྲྭའི་མཁན་ཆེན་གྱི་འགན་བཞེས་ཏེ་སྐལ་ལྡན་གྱི་བུ་སློབ་དུ་མ་བསྐྱངས་ཏེ་བསྟན་པ་འཛིན་ནུས་ཀྱི་སློབ་མ་མཁས་པ་མང་དུ་བསྐྲུན། དེ་ནས། ཇི་སྐད་དུ། ཡུལ་དབུས་འཛིན་མའི་སྨན་ལྗོངས་ཡངས་པར་ཆས། །ཞེས་པ་ལྟར་བགྲང་བྱ་སུམ་ཅུ་ལྷག་ཙམ་བཞེས་པ་ན་གངས་ཅན་བོད་ཀྱི་ཡུལ་དབུས་སུ་ཞབས་བཅགས་མཚམས་ཨེ་ཡིག་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རྗེ་བཙུན་བདག་མེད་མ་དང་ཝམ་ཡིག་བདེ་ཆེན་ནམ་ཡང་མི་འགྱུར་བ་ལ་དགེས་མཛད་ཡབ་ཆེན་ཧེ་རུ་ཀ་རྣམ་གཉིས་ཟུང་དུ་འཇུག་སྟེ་གསང་ཆེན་མཁའ་འགྲོའི་ཞལ་རླངས་ཐུལ་ལེ་བའི་ཐེག་པའི་ཆོས་འཁོར་གྱིས་སྐལ་ལྡན་འགྲོ་བ་མཁའ་ལྟར་རིང་བ་རྣམས་སྨིན་པར་མཛད་པའི་ས་མཆོག་གདན་ས་ཆེན་པོ་དཔལ་ལྡན་ཨེ་ཝམ་ཆོས་སྡེ་ཡི་མདོ་སྔགས་ཆོས་ཀྱི་བཤད་པའི་གྲྭ་ཆེན་དེའི་མཁན་ཆེན་གྱི་ཅོད་པཎ་བཟུང་སྟེ་གདམས་པ་རྒྱ་མཚོའི་ཆོས་སྦྱིན་གྱིས་སྐལ་ལྡན་གྱི་འགྲོ་བ་ཤིན་ཏུ་མང་པོ་སྨིན་གྲོལ་གྱི་ས་ལ་བཀོད།
དེ་མཚམས་སུ། ལྷ་ཅིག་འདི་རུ་མ་བཞུགས་བྱང་དུ་བྱོན། །བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་དུ་བྱོན། །ཞེས་པའི་རྡོ་རྗེའི་ལུང་གིས་ཟིན་པའི་བྱང་ཕྱོགས་ཁ་བ་ཅན་གྱི་དེང་གི་རྒྱལ་ས་ལྷ་ལྡན་ཆོས་ཀྱི་ཞིང་ས་དམ་པ་རུ་སླར་ཡང་རྡོ་རྗེ་འཆང་དངོས་འཇམ་མགོན་ཆོས་ཀྱི་བློ་གྲོས་མཆོག་ཉིད་ཀྱིས་དུས་འགྱུར་མི་བཟད་པ་འབྱུང་རུང་ཟག་མེད་མངོན་པར་ཤེས་པའི་ཐུགས་ཀྱིས་མ་ལུས་པ་མངོན་སུམ་དུ་མཁྱེན་བཞིན་དུ་དགོངས་གཞི་དང་དགོས་པ་རླབས་པོ་ཆེ་ལ་དགོངས་ཏེ་ཐུགས་ལྷག་པར་དགྱེས་པ་ཆེན་པོའི་སྒོ་ནས་སྙིགས་དུས་ཀྱི་ན་ལེནྡྲ་གཉིས་པ་མདོ་སྔགས་ཆོས་ཀྱི་འབྱུང་གནས་རྫོང་གསར་ཁམས་བྱེའི་ཆོས་ཀྱི་གྲྭ་ཆེན་པོའི་གདན་རབས་པ་མཁན་ཆེན་མཁྱེན་རབ་སེང་གེའི་རྗེས་སུ་ཆོས་སྡེ་དེའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་ལེགས་པར་མཛད། སྔོན་སྟོན་པ་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཆེན་པོ་འོད་སྲུངས་ལ་བསྟན་པ་གཏད་པ་ལྟར་མདོ་སྔགས་ཆོས་ཀྱི་བསྟན་པ་ཡོངས་རྫོགས་གཏད་ཅིང་འབྱུང་འགྱུར་ཅི་མཛད་ཀྱི་བསླུ་མེད་རྡོ་རྗེའི་ལུང་བསྟན་ཟབ་མོའི་ཅོད་པཎ་རིང་མོ་སྙན་གྱི་མགུལ་པའི་རྒྱན་དུ་བསྩལ། ཡིན་ནའང་། ཁྲོ་ལོའི་ཞལ་སྔ་ནས། མ་ག་དྷ་སོགས་རིགས་འབྱུང་གནས་ཀྱང་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམ་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་་། །ཞེས་སོགས་གསུངས་པ་དང་ཚུལ་མཚུངས་པ་ནམ་ཞིག་བོད་ཡུལ་དམར་པོའི་དམག་ཚོགས་ཀྱིས་མནར་བའི་ཚེ་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་བསླུ་མེད་རྡོ་རྗེའི་བཀའ་བཞིན་འཕགས་ཡུལ་རྒྱ་གར་དུ་ལན་གྲངས་གཉིས་པ་རུ་ཞབས་ཟུང་འཁོར་ལོས་མཚན་པའི་བཀྲིས་རེ་ཁཱ་བཀོད། དེ་ནས་རིང་པོར་མ་ཐོགས་པར་༧རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག ༧གོང་མ་རྡོ་རྗེ་འཆང་དངོས་སྐྱབས་མགོན་ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གི་ངེས་པ་དོན་གྱི་ཟག་མེད་ཐུགས་ཀྱི་བཀའ་དགོངས་བཞིན་མདོ་སྔགས་ཆོས་ཀྱི་གདན་ས་ཆེ་འབྲིང་ཆུང་གསུམ་ཕྱག་བཏབ། གདན་ས་ཆེ་འབྲིང་ཆུང་གསུམ་གཙོ་བོར་གྱུར་པའི་ཡངས་པའི་གནས་མཆོག་ཀུན་ཏུ་དམིགས་མེད་སྒོམ་བྱུང་གི་ཤེས་རབ་ལ་བརྟེན་ནས་དམ་ཆོས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཕྱོགས་བརྒྱར་སྤེལ་བའི་ངོ་མཚར་རྨད་བྱུང་གི་མཛད་པ་ཁོ་ན་བསྐྱངས། དེ་དག་གི་མཐུ་ལ་བརྟེན་ནས་༧ས་བསྟན་ཡོངས་རྫོགས་ཀྱི་བསྟན་བདག དྲུག་པ་རྡོ་རྗེ་འཆང་ཆེན། ༧ཁྲི་ཆེན་སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་གིས་དབུས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་རྣམས་དང་། འཇམ་པའི་དབྱངས་དངོས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དབུས་གསང་ཆེན་རྙིང་མ་པའི་བསྟན་འཛིན་རྣམས་དང་། འགྲོ་བའི་མགོན་པོ་རྒྱལ་བ་འབྲི་གུང་པའི་རྒྱལ་ཚབ་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་དབུས་མཉམ་མེད་བཀའ་བརྒྱུད་པའི་བསྟན་འཛིན་ལ་སོགས་དེང་གི་དུས་སུ་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་འཛིན་ནུས་ཀྱི་སློབ་མ་བསྟན་འཛིན་གྱི་སྐྱེ་བོ་དམ་པ་མང་དུ་བྱོན་ནོ། །མ་ཟད་རྣམ་ཀུན་ནར་མའི་མཉམ་རྗེས་ཀྱི་སྤྱོད་ལམ་གྱི་ཚེ་ཁྱད་པར་དུ་འཕགས་པའི་རྣམ་ཐར་ནི། སྔོན་གསེར་མདོག་པཎ་ཆེན་གྱིས་ཆོས་རྗེའི་རྣམ་ཐར་འཆད་པའི་སྐབས་སུ། ནང་རིག་པའི་ཚུལ་ལ་ཕྱག་རྗེས་ཐོན་པ་ནི། མདོ་སྔགས་གཉིས་ལས་སྔགས་ཀྱི་ཚུལ་གཙོ་ཆེ་ལ། དེ་ལ་ཡང་ཐོས་བསམ་སྒོམ་གསུམ་ལས་སྒོམ་པ་གཙོ་བོར་མཛད་ལ། ཞེས་གསུངས་པ་དང་མཐུན་པར་རྗེ་བླ་མ་འདི་ཡང་མདོ་སྔགས་གཉིས་ལས་སྔགས་ཀྱི་ཚུལ་གཙོ་ཆེ་ལ། དེ་ལ་ཡང་ཐོས་བསམ་སྒོམ་གསུམ་ཡོད་པ་ལས། ཇི་སྐད་དུ། ང་རྣལ་འབྱོར་སེམས་ལ་བདེ་སྡུག་མེད། །གང་ཡིན་ཀྱང་རང་ངོ་དབྱིངས་སུ་སྙམ། །ཞེས་གསུངས་པ་ལྟར་མདོ་སྔགས་ཆོས་ཀྱི་ཉིང་ཁུའི་ནང་གི་ཡང་སྙིང་ལྟ་བ་འཁོར་འདས་དབྱེར་མེད་ལ་རྟག་ཏུ་སྒོམ་པ་གཙོ་བོར་མཛད། ཡིན་ནའང་རྗེས་ཐོབ་ཐུན་བར་དུ་སྔོན་དགེ་བཤེས་གླང་ཐང་པ་ལ་ནག་ཁག་བཞག་པ་ལ་ཐུགས་མི་དགའ་བ་དང་རྗེས་སོར་བཤགས་པ་དང་འབུལ་བ་ཕུལ་བ་ལ་མཉེས་ཚོར་གཉིས་ཀ་མ་བྱུང་བ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་མ་སྒྲིབ་པའི་མཛད་པ་བསྐྱངས། མཐར་ཞིང་འདིའི་གདུལ་བྱའི་དོན་རེ་ཞིག་རྫོགས་ནས་ཞིང་ཁམས་གཞན་དུ་འགྲོ་བའི་དོན་དུ་གཤེགས་པ་ལ་སྤྲོ་བའི་ཚུལ་གསུངས་པའི་སྐབས་སུ་སྔོན་དུས་ཆོས་རྗེ་ས་སྐྱ་པཎྜིཏས་དགོངས་པ་གཞན་དོན་ལ་ཕེབས་དུས་ལེགས་པར་གཏན་ལ་ཕབ་སྟེ་ཉེ་གནས་ལ་གསུངས་པ་ལྟར་སྐྱེ་འཆི་ལ་རང་དབང་ཐོབ་པའི་མཁན་ཆེན་མཆོག་གིས་ཀྱང་གམ་བཅར་སློབ་མ་རྣམས་ཀྱི་མདུན་དུ་ཁོ་བོ་དགོངས་པ་གཞན་དོན་ལ་ཕེབས་དུས་ནི། བོད་ཟླ་བཅུ་གཅིག་པ་སྔ་མའི་ཚེས་ ༢༣ དང་ཕྱི་ཟླ་ ༡༢ ཚེས་ ༢༨ ཡིན་ཞེས་འཇིགས་པ་མེད་པར་གཏན་ལ་ཕབ་སྟེ་གསུངས། མ་ཟད་སྣང་མཆེད་ཐོབ་གསུམ་གྱི་མཐར་འཆི་བ་འོད་གསལ་ཆོས་སྐུའི་ངང་དུ་ཐུགས་དམ་ཉིན་གྲངས་གསུམ་བཞུགས་རྒྱུའི་ཞལ་བཞེས་མཛད། ལྷག་ཏུ་སྔོན་ལྷ་མིའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་གདུང་ཞུགས་འབུལ་ས་གཞི་ནི་རྩ་ཅན་གྲོང་རང་ཡིན་ཞེས་དགྲ་བཅོམ་པ་རྣམས་ཀྱིས་ཐག་བཅད་དེ་གསུངས་པ་ལྟར་དུས་མཐའ་མའི་སྐུ་གདུང་ཞུགས་འབུལ་ས་གཞི་ཡང་བལ་ཡུལ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་མདུན་ཐང་གི་དབུས་དེ་ཡིན་ཞེས་རྡོ་རྗེའི་ལུང་གི་བཀའ་རྒྱ་དམ་པོ་བསྩལ། མཐར་གཤེགས་དུས་གཏན་ལ་ཕབ་པ་ལྟར་བོད་ཟླ་ ༡༡ པ་སྔ་མའི་ཚེས་ ༢༣ ཕྱི་ཟླ་ ༡༢ ཚེས་ ༢༨ སྔ་དྲོ་བལ་དུས་ཚོུད་དགུ་དང་ཕྱེད་ཀ་ལ་ཐུགས་འདའ་ཁའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་མཉམ་པར་བཞག དབུ་བྱང་དུ་བསྟན། གཞོགས་གཡས་ཕབ་པ། སེང་གེའི་ཉལ་སྟབས་གྱི་རྣམ་པ་ཅན། སྐུ་ལུས་སྙུན་ཟུག་ཕྲ་མོ་རྡུལ་ཙམ་མེད་པའི་རང་རྟགས་བཞིན་རས་ཞལ་འཛུམ་གྱི་མདངས་དང་བཅས་ཏེ་དྲུང་གནས་དམ་ལྡན་སློབ་མ་ཟུང་གིས་སྙིང་ནས་གསོལ་བ་འདེབས་བཞིན་པའི་མུར་རེ་ཞིག་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་དུ་གཤེགས་པའི་ཚུལ་བསྟན་ཏོ། །དེ་ནས་འཆི་བ་འོད་གསལ་ཆོས་སྐུའི་ངང་དུ་ཐུགས་དམ་ཉིན་གསུམ་རིང་བཞུགས་པའི་ཞལ་བཞེས་ལྟར་ཐུགས་དམ་ཉིན་གསུམ་རིང་བཞུགས་ཏེ་ཉིན་བཞི་པར་གྲོལ། དེའི་ཚེ་ཐུགས་དམ་གྲོལ་བའི་ནང་རྟགས་ལ་ཤངས་གཡས་ནས་བྱང་སེམས་དཀར་པོ་མང་དུ་ཕེབས་པ་ལ་སོགས་པ་དང་། ཕྱི་རྟགས་ལ་བཞི་པའི་སྔ་དྲོ་ནམ་མཁའ་མཐིང་ཞུན་པའི་མདོག་ལྟར་སྔོ་ལ་སྟོན་གྱི་རྡུལ་བྲལ་བཞིན་དྭངས་པ་ལ་ཉིན་རྒྱབ་རྒྱང་རིང་ན་གནས་པ་རྣམས་ལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁོར་དུ་ཁ་བ་བབས་པའི་རྣམ་པ་ལྟ་བུ་ལ་མཆོད་རྟེན་བྱ་རུང་ཁ་ཤོར་དང་ཆེས་ཉེ་བར་གནས་པ་རྣམས་ལ་ཆར་གྱི་རྣམ་པ་ལྟ་བུའི་ལྷའི་མེ་ཏོག་གི་ཆར་བབས་སོ། །མདོར་ན་གྲུབ་ཆེན་ཕག་མོ་གྲུབ་པའི་རྣམ་ཐར་ནང་དུ། བདེ་བ་ཅན། བྱང་ཨཱ་ཡུ་ཏཱ་རཱ། གསེར་མདོག་ཅན་གསུམ་ན་སྐུའི་བཀོད་པ་གསུམ་བསྟན་ཏེ་འགྲོ་བའི་མགོན་པོ་ས་ཆེན་ཀུན་དགའ་སྙིང་པོ་ད་ལྟ་བཞུགས། འདི་རང་ངོ་མཚར་ཆེ་ཞེས་གསུངས་པ་ལྟར་དང་པོ་གཤེགས་དུས། བར་དུ་ཐུགས་དམ་གྱི་ཉིན་གྲངས། མཐའ་མར་ཞུགས་འབུལ་ས་གཞི་གཏན་ལ་ཕབ་སྟེ་དགོངས་པ་གཞན་དོན་ལ་གཤེགས་པ་འདི་རང་དེང་དུས་ངོ་མཚར་ཆེའོ། །

Share this:
༡༤༨ ཀློག་གྲངས།