རྒྱ་མིའི་དངུལ་དེ་དག་ཁྲིམས་འགལ་གྱི་དངུལ་ནག་པོ་རྩ་བ་ནས་མིན།

གསལ་བསྒྲགས་ནང་འཁོད་དོན། བླ་བྲང་སྔོག་བཤེར་བྱས་ཏེ་རྒྱ་གར་གྱི་ཧིན་སྒོར་འབུམ་༥༠༠ ཐོན་པ་རྣམས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱལ་བ་ཀརྨ་པ་མཆོག་ལ་དད་གུས་བྱེད་མཁན་ཚོས་ཀརྨ་པའི་ཐེབས་རྩའི་སྤྱི་ཚོགས་བདེ་དོན་དང་། དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འབྲེལ་བའི་ལས་གཞི་མང་དག་ཅིག་ཡོད་པ་དེ་དག་ལག་བསྟར་ཐུབ་ཆེད་ཕུལ་བ་ཤ་སྟག་རེད། བླ་བྲང་གིས་ཕྱི་ལོ་༢༠༠༢ ལོར་འབུལ་བ་ཕུལ་བའི་དངུལ་དེ་དག་རྒྱ་གར་གཞུང་གི་ཕྱི་དངུལ་སྟངས་འཛིན་ཁྲིམས་ལུགས་ཀྱི་སྒྲིག་གཞི་དང་མཐུན་པའི་ཆོག་མཆན་ཞུས་པ་ནས་བཀའ་འཁྲོལ་མ་ཐོབ་བར་དངུལ་སྒོར་དེ་དག་དགོན་པས་དངུལ་གྲངས་ཇི་ཡོད་ཁ་གྲངས་ཐོ་འགོད་ཀྱིས་དོ་ནན་ཐོག་ཉར་ཚགས་བྱེད་བཞིན་ཡོད་པའི་དཔང་རྟགས་གསལ་པོ་ཡོད། ད་ཆ་ང་ཚོས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་སུ་ང་ཚོར་དཔང་རྟགས་ཁ་གསལ་ཡོད་པ་དེ་འབུལ་རྒྱུའི་ལས་གཞི་རྩོམ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

མུ་མཐུད་འཁོད་དོན། རྒྱ་ནག་གི་དངུལ་དེ་དག་བོད་དང་རྒྱ་ནག་སྐམ་སའི་ནང་རྒྱལ་བ་ཀརྨ་པ་མཆོག་ལ་དད་གུས་ཞུ་མཁན་གྱི་ནང་པ་ཧ་ཅང་མང་པོ་ཡོད་པས་ཁོང་ཚོས་བླ་མར་ཕུལ་བ་རྣམས་རྒྱ་ནག་གི་དངུལ་(Yuan) འབུལ་བཞིན་ཡོད། སྐབས་འདིར་རྒྱལ་ཁབ་༢༠ ཙམ་གྱི་དངུལ་ཐོན་པའི་བརྒྱ་ཆའི་ནང་ནས་རྒྱ་ནག་གི་དངུལ་དམར་བརྒྱ་ཆ་༡༠ ཉུང་བ་ཡོད་པ་མ་ཟད། རྒྱ་དངུལ་ཐོན་པ་དེ་དག་ནང་རྒྱ་སྒོར་༡ དང་༢ སོགས་དངུལ་འབོར་ཆེ་ཆུང་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་དེས་མི་སྣ་འདྲ་མིན་གྱིས་ཕུལ་བ་ཞིག་ཡིན་པ་ར་སྤྲོད་གསལ་པོ་མཚོན་ཐུབ་ཅེས་འཁོད་ཡོད་འདུག

ས་ཆ་ཉོ་ཚོང་སྐོར་འཁོད་དོན། ཁྲིམས་མཐུན་མིན་པའི་ས་ཆ་ཉོ་ཚོང་བྱེད་པའི་སྙོན་འཛུགས་བྱས་པ་དེའི་ཐོག་གསལ་བཤད་ཞུས་ན། རྒྱལ་བ་ཀརྨ་པ་མཆོག་ཕྱི་ལོ་༢༠༠༠ ལོ་ནས་རྡ་སར་གནས་སྐབས་ཀྱི་གཟིམ་ཆུང་ནང་བཞུགས་ཡོད། དེར་བརྟེན་(Karmae Garchen) ཐེབས་རྩས་ཕྱི་ལོ་༢༠༠༧ ནས་རྒྱལ་བ་ཀརྨ་པ་མཆོག་ལ་དགོན་པ་དང་གཟིམ་ཆུང་གསར་པ་ཞིག་བཞེངས་རྒྱུར་འབད་བརྩོན་བྱེད་མུས་ཡིན། ཕྱི་ལོ་༢༠༡༠ ལོར་ཐེབས་རྩས་ས་ཆ་རན་པོ་ཞིག་ངོས་འཛིན་ཐོག་རྡ་སར་རྟེན་གཞི་བྱས་པའི་རྫོང་དཔོན་ལས་ཁུངས་སུ་(District Collector) སྙན་ཞུ་ཕུལ་ཏེ་ས་ཆ་ཉོ་ཆོག་པའི་ཆོག་མཆན་ཞུས་ཡོད་པ་མ་ཟད། ཆོག་མཆན་ཞུས་པའི་སྙན་ཞུ་དེ་དང་ལྷན་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་རྒྱབ་གཉེར་ཡིག་ཆ་ཞིག་ཀྱང་ཕུལ་བའི་གྲུབ་འབྲས་སུ། ཧི་མཱ་ཅལ་མངའ་གཞུང་གི་གྲོང་ཚོ་དང་གྲོང་གསེབ་འཆར་འགོད་ལས་ཁུངས་ཀྱིས་ས་ཆ་ཉོ་རྒྱུར་དགག་ཆ་མེད་པའི་ལག་ཁྱེར་(essentiality certificate) ཟེར་བ་ཞིག་དང་(no-objection certificate) ཟེར་བ་གཉིས་གནང་ཡོད། དེ་ལྟར་འབྲེལ་ཡོད་ལས་ཁུངས་ཀྱིས་ལག་ཁྱེར་དེ་འདྲ་གནང་བ་དེས་ས་ཆ་ཉོ་ཆོག་པ་གསལ་པོ་ཆགས་པ་རེད་ཅེས་སོགས་འཁོད་ཡོད་འདུག །

བོད་གཞུང་དྲ་བ་ནས་བསྡུ་སྒྲིག་བྱས།

{jcomments on}

Share this:
༧༤ ཀློག་གྲངས།