གཞས་པ་བཀྲ་ཤིས་དོན་གྲུབ་བཙོན་ཁང་ནས་གློད་གྲོལ་བཏང་འདུག

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༨ ཉིན་གྱི་ཞོགས་པ་གློད་གྲོལ་བཏང་རྗེས། དགོང་མོ་ཁོང་གི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་དུ་འབྱོར་ཞིང། ལམ་བར་དུ་བོད་མི་མང་པོས་དགའ་བསུའི་ཁ་གཏགས་བསྒྲོན་ནས་བསུ་བ་བྱས་པ་མ་ཟད། རྨ་ལྷོ་སོག་རྫོང་དུ་འབྱོར་སྐབས་གྲོགས་པོ་དང། གཉེན་ཉེ་སོགས་ཀྱིས་དགའ་བསུ་ཟབ་རྒྱས་བྱས་ཡོད་འདུག འོན་ཀྱང་དགའ་བསུ་བྱེད་མཁན་ཚོར་བཀག་འགོག་བྱས་པའི་གནས་ཚུལ་ད་བར་བྱུང་མེད་ཚུལ་འདུག

གཞས་པ་བཀྲ་ཤིས་དོན་གྲུབ་ནི། མདོ་སྨད་ཡུལ་དུ་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་པའི་སྒྲ་སྙན་རྡུང་ལེན་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༠༩ ལོའི་ཕྱི་ཟླ་༡༢ ཚེས་༣ ཉིན་ཟི་ལིང་དུ་ཟ་ཁང་ཞིག་ནས་རྨ་ལྷོ་ཡུལ་རྒན་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས། དེ་རྗེས་རྨ་ལྷོ་སོག་རྫོང་ཁྲིམས་ཁང་གིས་ཆབ་སྲིད་ཀྱི་ནང་དོན་འདྲེས་པའི་གླུ་གཞས་བླངས་པའི་ཉེས་མིང་འོག་ལོ་༡ དང་ཟླ་བ་༧ གྱི་ཁྲིམས་ཐག་བཅད་པ་རེད།

tashidondupsinger1ཁྲིམས་བཤེར་སྐབས་སུ་ནང་མི་ཟུར་ཉན་བྱེད་དུ་བཅུག་མེད་ལ། ཁྲིམས་རྩོད་པ་བཙལ་བའི་ཐོབ་ཐང་ཡང་སྤྲད་མེད་པ་གནས་ཚུལ་ཡོངས་ཁུངས་ནས་བརྗོད་པ་ལས་ཁྲིམས་ཐག་བཅད་པའི་ཚེས་གྲངས་གསལ་པོ་ཤེས་རྟོགས་མེད་པ་རེད། ཕྱི་ལོ་༢༠༠༨ ལོར་གཞས་པ་བཀྲ་ཤིས་དོན་གྲུབ་དང་གྲོགས་པོ་འགས་བཏོན་པའི་《གཡུ་མཚོ་སྔོན་མོའི་རླབས་སྒྲ་》 ཞེས་པའི་འོད་སྡེར་ནང་ཁོང་གིས་སྤྱི་ལོ་ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ་ཞེས་པའི་སྒྲ་སྙན་རྡུང་ལེན་བླངས་པར་བརྟེན་། རྒྱ་ནག་གཞུང་གིས་གླུ་ཚིག་ཐད་ཆབ་སྲིད་ནང་དོན་འདྲེས་ཚུལ་གྱིས་འགྲེལ་སྤེལ་བཀག་སྡོམ་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོའི་ཟླ་༡༠ པའི་ནང་ཁོང་གིས་ཡང་བསྐྱར་《རྨ་ཁ་མེད་པའི་གཅར་རྡུང་》 ཞེས་པའི་འོད་སྡེར་གསར་པ་ཞིག་འགྲེམས་སྤེལ་བྱས་པར་བརྟེན་། རྒྱ་ནག་གཞུང་གིས་འོད་སྡེར་དེ་འགྲེམས་སྤེལ་བཀག་སྡོམ་དང་ཁོང་འཛིན་བཟུང་བྱས་པ་ཞིག་རེད།།

{jcomments on}

Share this:
༡༡༡ ཀློག་གྲངས།