གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཉིས་ཀྱི་ངོ་བོའི་ཐོག་ནས་ལས་དོན་སྒྲུབ་དགོས།

ལན། ༡ ང་སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན་ནི་༸གོང་ས་མཆོག་གི་དགུང་ནའི་བབ་དང་ད་བར་གྱི་བཀའ་སློབ་ཀྱི་སྙིང་དོན་གཞིར་བཟུང་། ཚོགས་པ་ཁག གྲོགས་པོ་ཚོ། དེ་བཞིན་མི་མང་ནས་མ་བསྐུལ་དྭངས་བླངས་ཀྱིས་རྒྱབ་སྐྱོར་གནང་བ་དང་། རང་ངོས་ནས་༡༩༨༨ ལོར་སློབ་མཐར་ཕྱིན་པ་ནས་བཟུང་ད་ལྟའི་བར་བོད་ཀྱི་རྩ་དོན་རང་ལ་བསམ་ནས་བོད་སྤྱི་པའི་ཆེད་ལས་གནས་དང་། ལས་འགུལ་འདྲ་མིན་ཐོག་ནུས་པ་ཅི་ཡོད་ཀྱིས་ཞབས་འདེགས་ཞུས་པའི་ཉམས་མྱོང་དང་། ཤེས་ཡོན། ཆབ་སྲིད་ཀྱི་གོ་རྟོགས། སེམས་ཁུར་ཅི་ཙམ་ཡོད་པ་བཅས་ལ་བརྟེན་བོད་སྤྱི་པའི་ཞབས་འདེགས་སུ་རེ་ནས་སྤྱི་འཐུས་ཀྱི་འོས་མིར་ལངས་པ་ཡིན།

༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ལན། ༢ ཕྲན་ལ་འོས་ཐོབ་ཚེ་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང། བོད་གཞིས་བྱེས་གཉིས་ཀྱི་མངོན་འདོད་བསྒྲུབ་རྒྱུ་དེ་ཡིན། དེ་ཡང་ཐོག་མར་བོད་མི་རིགས་ཀྱི་ལ་རྒྱ་གོང་མཐོར་བསྐྲུན་པའི་ཐོག་ནས་ཤེས་ཡོན་དང་། འཕྲོད་བསྟེན། ཆབ་སྲིད་གོ་རྟོགས་དང་། ལས་འགུལ། གཞིས་ཆགས་སྲ་བརྟན་བཅས་ཀྱི་ཐོག་ལ་ཤུགས་རྒྱག་རྩིས་ཡོད།

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། ༣ ད་ལྟ་བཙན་བྱོལ་བོད་གཞུང་གིས་རང་དབང་འཐབ་རྩོད་བྱེད་བཞིན་པ་ཡིན་སྟབས། སྤྱི་འཐུས་ཀྱི་ལས་དོན་བྱེད་ཕྱོགས་ཐད་རང་དབང་འཐབ་རྩོད་ཀྱི་རྣམ་པ་ཤུགས་ཆེན་མངོན་དགོས་པ་དང་། རྒྱལ་ཁབ་གཞན་དང་མི་འདྲ་བར་ང་ཚོའི་གྲོས་ཚོགས་དེ་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པ་གཉིས་ཀྱི་ངོ་བོའི་ཐོག་ནས་ལས་དོན་སྒྲུབ་དགོས་ཡོད་དུས། སྤྱི་འཐུས་རྣམས་པས་དེ་ལྟར་ལེགས་པར་བསྒྲུབ་དགོས།

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། ༤ ༸གོང་ས་མཆོག་ནས་བོད་གཞིས་བྱེས་གཉིས་ཀྱི་རེ་འདུན་དེ་དྭང་ལེན་གནང་བ་དང་། བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པ་ནམ་ཡང་མི་སྲིད་པའི་ཡིད་ཆེས་ཡོད་ལ། བཅའ་ཁྲིམས་བསྒྱུར་བཅོས་སོགས་དགོས་གལ་བྱུང་ཚེ་༸གོང་ས་མཆོག་ལ་དུས་ནས་དུས་སུ་དགོངས་སྐོར་ཞུས་ཏེ་གྲོས་ཚོགས་ནང་གྲོས་བསྡུར་ཞིབ་ནན་གྱིས་ཐག་གཅོད་བྱས་ན་ལེགས་སྙམ།

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་བོད་མིའི་དངོས་ཡོད་སྤྱི་ཚོགས་དང་། སྲོལ་རྒྱུན་དང་མཐུན་པའི་ཐོག་༸གོང་ས་མཆོག་དང་མཁས་དབང་ཚོས་ཟིན་བྲིས་དང་། གྲོས་ཚོགས་ནས་གཏན་འབེབས་བྱས་པ་འདིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་པ་དང་། ཆིག་སྒྲིལ་མངོན་ཐུབ་པ་བཅས་ཆགས་ཡོད། ཡིན་ན་ཡང་། ༸གོང་ས་མཆོག་གིས་དེ་སྔོན་གྱི་སྒྲོམ་གཞི་དེའི་ཐོག་མང་གཙོ་ཚད་ལྡན་ཡོང་ཆེད་གྲོས་ཚོགས་གོང་འོག་སོགས་ཀྱི་ཡར་རྒྱས་དགོས་སྐོར་བཀའ་སློབ་ཕེབས་པ་དེ་དག་དུས་སྐབས་དང་བསྟུན་ནས་ངེས་པར་ལག་བསྟར་བྱེད་དགོས་པ་ཞིག་ཏུ་མཐོང་།།

{jcomments on}

Share this:
༩༡ ཀློག་གྲངས།