ངའི་བཀའ་ཁྲི་དང་གངས་སེང་ལ་འགྱུར་བ་མེད།

མི་ལོ་གཉིས་ཀྱི་ཡར་སྔོན་གྱི་དུས་ཚོད་ནང་མང་པོ་ཞིག་གིས་འོས་ཤིང་འཚམས་པའི་དཀའ་ཁྲིའི་འོས་དམིགས་ཤིག་རྙེད་རྒྱུར་ཐེ་ཚོམ་བྱེད་མྱོང་མོད། ཐ་མ་དེར་ང་ཚོས་གདེངས་སྤོབས་ཆེན་པོས་མདུན་དུ་ཐོན་ཐུབ་པའི་ཡར་ཐོན་ཅན་གྱི་སྐྱེ་བོ་ཁག་ཅིག་མཐོང་ཞིང་། དེ་དག་གི་ནང་ནས་ཐ་མའི་འགག་མཚམས་སུ་ཡང་ཕྱི་བཤོལ་མེད་པའི་གོམ་སྟབས་བརྟན་པོར་འགྲེངས་ཏེ། བཀའ་བློན་ཁྲི་བའི་དངོས་གཞིའི་འགྲན་རྩོད་ཀྱི་དོ་རར་ཞུགས་པའི་དབང་ཐང་ཅན་གྱི་མི་བུ་ཁག་ཅིག་དེ་བས་ཀྱང་ང་ཚོའི་ཉེ་སར་གཅར་ཡོད་ལ། ང་ཚོ་ནི་ཁོང་དག་ལ་ཕྱོགས་ལྷུང་མེད་པའི་གོང་ཐང་གཅོད་མཁན་གྱི་སྤྱི་འབངས་དག་རེད།

༼༢ ཁོང་ལས་ལྷག་པའི་མི་བུ་ཞིག་ང་ཚོར་མེད།

འོ་ན་ང་ཚོའི་འབྱུང་འགྱུར་གི་བཀའ་བློན་ཁྲི་བ་དེ་སུ་ཡིན་འོས་སམ།

རྩོམ་ཡིག་འབྲི་མཁན་ནི་སྔོན་འགྲོའི་འོས་བསྡུའི་ལས་རིམ་གྱི་སྔོན་ནས་ཀྱང་འབུམ་རམས་པ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཞུ་མཁན་དུ་གཏོགས་ཤིང་། རང་ཉིད་ཀྱི་ལྟ་ཚུལ་མཚོན་པའི་རྩོམ་ཡིག་ཀྱང་བྲིས། སྐབས་དེར་ངས་འབུམ་རམས་པ་ཁོང་ལ་ད་ལྟའི་འོས་མི་གཉིས་གཞན་གཉིས་ཀྱི་འོས་ཤོག་སྡོམ་པ་ལས་ཀྱང་ཆེས་ཆེར་བརྒལ་བའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཐོབ་པ་དེ་ཡིད་ལ་འཁོར་མེད་ལ། ཐབས་རྒྱ་ཇུས་སྟོང་དང་མངོན་ལྐོག་ཟུར་གསུམ་ནས་སྐྱོན་བརྗོད་དང་བསྙོན་འཛུགས་ཀྱི་སྐད་ཆ་མང་པོ་དེ་དག་ཀྱང་ཕལ་ཆེར་ཐོས་མེད།

འོན་ཀྱང་རང་ཉིད་ཀྱིས་འབུམ་རམས་པ་ཁོང་གི་སྐོར་གྱི་མིག་མཐོང་རྣ་ཐོས་ཀྱི་ཤེས་བྱ་གང་ཐོབ་པ་དག་དཔང་དུ་བཞག་ཅིང་། ཆེ་ལ་ཆུང་བའི་རྡ་སའི་དཀྱིལ་འཁོར་གྱི་མཐའ་དབུས་དཀྱིལ་གསུམ་ནས་མཐོང་བའི་འོས་དམིགས་གཞན་དག་དང་ཁོང་གཉིས་ཀྱི་བར་ལ་མཚུངས་བསྡུར་བྱས་པའི་ཚུར་སྣང་གི་བག་ཆགས་ལ་གཞི་བཅོལ་ནས་ཁོང་ལ་རྒྱབ་སྐྱོར་བྱས་པ་ཡིན། འོན་ཀྱང་རིག་པ་ནི་ད་ལྟ་བཞིན་དྭངས་གསལ་ཡིན། སྐབས་དེར་ངས་སྤྱི་ལོ་༢༠༠༦གི་ལོའི་ཐེངས་གཉིས་པའི་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་ཟམ་གདོང་རིན་པོ་ཆེར་རྒྱབ་སྐྱོར་ཞུ་མཁན་གྱི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་གིས། ཟམ་གདོང་རིན་པོ་ཆེ་ནི་སྐྱོན་མེད་པའི་མི་ཞིག་ཡིན་མི་སྲིད་ལ། ཁོང་དང་མཉམ་ལས་ཡུན་རིང་བྱས་པའི་སྐབས་སུ་ཁོང་གི་དགོངས་ཚུལ་དང་ང་ཚོའི་བསམ་ཚུལ་མི་མཐུན་པ་དེ་བས་ཀྱང་ཡོད་མྱོང་། སྐབས་རེར་ཁོང་གི་ཕྱག་ལས་ཀྱིས་གྲུབ་འབྲས་མི་ཐོན་པ་དང་ཐ་ན་མཇུག་འབྲས་མི་ལེགས་པ་ཐོན་པའི་མཐོང་ཚུལ་ཀྱང་ཡོད་སྲིད། འོན་ཀྱང་མིག་སྔར་ཁོང་ལས་ལྷག་པའི་མི་བུ་ཞིག་ང་ཚོར་མེད་པ་ངེས་པའི་ཐོག་ནས་ཁོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པའི་བཀའ་མོལ་འདི་དྲན་ཡུལ་དུ་བཅངས་ཡོད།   ད་ཐེངས་ཀྱང་ང་ཚོས་ལྟ་སྟངས་འདི་འདྲ་ཞིག་སྤྱད་ནས་ཐིག་ཚད་ལེན་གྱིན་ཡོད་ན་སྙམ་པའི་ཡིད་སྨོན་བྱེད་ཀྱིན་ཡོད།

རང་ངོས་ནས་སྙིང་ཐག་པ་ནས་དེ་ལྟར་བསམ་པ་ཡིན།

ཉེ་བའི་ཟླ་བ་འདི་དག་གི་རིང་ལ་བློ་བཟང་སེང་གེ་ལགས་ཀྱི་འགུལ་སྐྱོད་དང་ཁོང་གི་ལ་དགག་སྒྲུབ་བྱེད་པའི་མི་སྣ་གཞན་དག་གི་བསམ་ཚུལ་དག་ལ་དོ་སྣང་བྱས་པའི་དུས་མཚུངས་སུ་རང་ཉིད་ཀྱིས་གང་ཞིག་གདེངས་འཇོག་བྱས་ཟིན་པ་དག་ལ་མ་རྟོགས་པའི་རང་བཞིན་དང་ཕྱོགས་ལྷུང་གི་རང་བཞིན། ཐ་ན་བསམ་ཡུལ་ལས་འདས་པའི་ཆ་བཅས་ཡོད་མེད་ལ་ཡང་བསམ་གཞིག་བྱས་ཤིང་། གལ་ཏེ་མངོན་གསལ་ཆེ་བའི་ཡུལ་སྣང་གི་འགྱུར་བ་དཔྱད་བཟོད་དུ་གྲུབ་པ་དག་གི་འོག་ཏུ་འདུ་ཤེས་ཀྱང་རིན་ཐང་གི་འགྱུར་བ་གང་ཞིག་འབྱུང་རྒྱུར་ཡང་ངོས་ལེན་བྱེད་རྩིས་བྱས་པ་ཡིན། འོན་ཀྱང་རང་ཉིད་ཀྱིས་ཐག་བཅད་པའི་བཀའ་བློན་ཁྲི་པའི་འོས་མི་དེར་འགྱུར་བ་གཏོང་འོས་པའི་རྒྱུ་མཚན་གྱིས་མ་འདངས། སྐྱེ་བོ་འདི་ཙམ་དུ་མང་བ་ཞིག་གིས་ཁོང་ཚོའི་བསམ་བློ་དང་ཤེས་རྟོགས་གཅིག་ཏུ་སྤུངས་ནས་ཚོར་བ་རྐྱེན་པོས་ཚད་མཐོ་བའི་བཀའ་བློན་ཁྲི་པ་གཞན་ཞིག་ངའི་མིག་ལ་བཤམ་ཡོད་ན་ང་ཚོས་བསམ་པ་ལས་ལྷག་པའི་བཀའ་ཁྲ་ཞིག་རྙེད་པ་ཡིན་སྟབས་བོད་མི་ཡོངས་ཀྱི་ཆེད་དུ་དགའ་བར་འོས་པའི་ཕྲིན་བཟང་ཞིག་ཅི་སྟེ་མིན། འོན་ཀྱང་ད་ཆ་འཕྲིན་བཟང་འདི་འདྲ་ཞིག་ངང་སྒུག་བྱ་རྒྱུར་དུས་ཚོད་འདངས་ངེས་མི་འདུག

ངས་སྐབས་རེར་བློ་བཟང་སེང་གེར་མདུང་རྩེ་ཁ་སྤྲོད་ལྟ་བུས་རྣོ་ངར་ཅན་གྱི་དྲི་བ་འདོན་མཁན་དང་། བརྒྱུད་ལམ་འདྲ་མིན་ནས་རྣམ་པ་འདྲ་མིན་གྱིས་སྐྱོན་འཛུགས་བྱེད་པའི་སྣང་ཚུལ་འཁྲུག་པོ་འདི་འདྲ་ནི་ཁོང་གིས་ཧ་ཝཌ་ཊི་སློབ་ཆེན་གྱི་དེབ་ཐོག་ནས་སྦྱོང་མི་ཐུབ་པ་དང་། མི་ལོ་བཞི་བཅུ་བརྒལ་བའི་དར་མའི་འཚོ་བའི་ནང་ནས་མྱང་མ་མྱོང་བ་ཞིག་ཡིན་སྲིད་པར་མ་ཟད་འདི་ནི་འཚོ་བ་དངོས་ཀྱི་ཚད་མཐོའི་ཡིག་ཚད་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡིན་སྟབས། མཁས་དབང་གཞོན་ནུ་ཁོང་གིས་རྒྱུ་མཚན་ལྡན་པའི་སྤོབས་སེམས་ཀྱིས་བརྩོན་ལེན་གནང་བཞིན་པའི་བཀའ་བློན་ཁྲི་པའི་འོས་བསྡུ་འདི་བསམ་པ་ལས་ལྷག་པའི་ཀྱག་ཀྱོག་དང་ཡ་ཡུད་ཆེན་པོ་ཞིག་ཡིན་པའི་ཚོད་བསྒམས་ཐེབས་སུ་བཅུག་ཡོད། ཁོང་ལ་ཟླ་བ་འདི་དག་ནི་དོན་དམ་པའི་ལག་ལེན་རང་བཞིན་གྱི་སྦྱོང་བརྡར་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། དེ་ནི་ཁོང་གི་ངོས་ནས་བཤད་ན་ཡོངས་སུ་ཆར་བ་ཆུ་གྲོགས་སུ་གྱུར་ཡོད་ངེས། མ་མཐའ་ཡང་གུས་པའི་ངོས་ནས་སྐུ་ཉིད་ཀྱིས་ལྟ་སྟངས་འདི་འདྲ་ཞིག་གིས་གདོང་ལེན་གནང་བཞིན་ཡོད་པའི་ཡིད་ཆེས་ཡོད། ཐད་ཀར་ཞུས་ན་ངེས་པར་དེ་ལྟར་འགྱུར་བ་ཞིག་གནང་དགོས་པའི་གཞེན་སྐུལ་ཞུ་འདོད་ཡོད།

དུས་མཚུངས་སུ་རྒྱུ་མཚན་ལྡན་པའི་དོགས་སེལ་དང་ར་སྤྲོད་ཀྱིས་སྐུ་ཉིད་ལ་རེ་བ་བཅོལ་མཁན་དག་གི་བློ་ལྷོད་ལ་འབབ་ཏུ་བཅུག་པར་བཀའ་དྲིན་སྙིང་བཅིངས་ཞུ་བཞིན་ཡོད།

༼༣ བཤད་སྟངས་ཁག་གཅིག་ལས་འཕྲོས་པའི་གཏམ་གླེང་།

འོག་ནས་བློ་བཟང་སེང་གེ་མཆོག་ལ་སྐྱོན་བརྗོད་གནང་མཁན་དག་གི་བཤད་སྟངས་ཁག་གཅིག་ལས་འཕྲོས་པའི་གཏམ་གླེང་རགས་ཙམ་ཞིག་བྱ་འདོད་བྱུང་།

དེ་ཡང་མང་པོ་ཞིག་གིས་བློ་བཟང་སེང་གེ་ལ་རང་བཙན་ལག་དེབ་ཡོད་པ་མ་རེད། རྒྱ་ནག་ཏུ་ཕྱིན་པ་མ་འགྲིགས་པ་རེད། གཟའ་ཟླ་བོད་པ་མ་རེད། འཇུ་ཆེན་ཐུབ་བསྟན་ལགས་ཀྱི་བཀོད་ཇུས་དང་འབྲེལ་ཡོད་ཡིན། དང་བླངས་ཕྱ་ཁྲལ་མ་སྤྲད། ཧར་ཝར་ཊི་མཐོ་སློབ་ཏུ་ལས་ཀ་ཡོད་པ་མ་རེད། མཁས་དབང་མ་རེད་ཟེར་བ་སོགས་རེ་རེ་བཞིན་ད་ཆ་ས་མཚམས་ག་འདྲ་ཞིག་ཏུ་བསླེབས་ཀྱི་ཡོད་པ་ལྟ་ཙམ་ཞིག་བྱས་ན་བསམ། སྟབས་ལེགས་པ་ཞིག་ལ་གླེང་བརྗོད་འདི་དག་གི་ཆེད་ཨ་རིའི་ཆེས་མཐོའི་སློབ་ཡོན་ཚོགས་པའི་འབྲེལ་ཡོད་ལས་ཁུངས་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་ཡིད་འགུལ་ཐེབས་པའི་བཀའ་ལན་གནང་ཡོད་ཅིང་།  ཡིག་ཆ་དང་གསལ་བཤད་ཀྱིས་ཁུངས་སྐྱེལ་ཡང་བྱུང་ཟིན། དཔེ་མཚན་ཙམ་ཞུས་ན། གཅིག་ནི་ཨ་རིའི་ཤེས་ཡོན་དང་རིག་གཞུང་དོ་དམ་ཁང་གི་དྲུང་ཆེ་ལས་རོགས་པས་འབྲེལ་ཡོད་བློ་བཟང་སེང་གེའི་སློབ་སྦྱོང་དང་ཕྱག་ལས་ཀྱི་སྐོར་ལ་གནང་བའི་རྒྱབ་གཉེར་ཞིག་སྟེ། ཡིག་ཆ་དེར། ང་ཚོའི་སློབ་ཡོན་འཆར་འགོད་འདིའི་ནང་ནས་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་ལས་དོན་ལེགས་སོན་བྱུང་བ་སུ་གཅིག་བྱུང་མྱོང་མེད་བསམ་གྱི་ཡོད། ཧར་ཝར་ཏྲིའི་གཙུག་ལག་སློབ་གྲཱ་ཆེན་མོ་ནས་བློ་བཟང་སེང་གེ་ཁོང་ལ་མཁས་དབང་གི་ལག་འཁྱེར་ཐོབ་པ་འདིས་ཁོང་གིས་མཁྱེན་དཔྱོད་སོགས་ཇི་ལྟར་ཡིན་མིན་གསལ་པོ་མཐོང་ཐུབ་ཀྱི་ཡོད་ཅིང་ཕྱོགས་གཞན་ཞིག་ནས་གནད་དོན་འདིས་ཁོང་ཧ་ཅང་གི་བློ་གྲོས་ཅན་དང་ཕུལ་དུ་བྱུང་བའི་མཁས་དབང་ཡིན་པ་སྟོན་གྱི་ཡོད།

ང་སྒེར་གྱི་ངོས་ནས་ལོ་གྲངས་༡༡་ཙམ་གྱི་རིང་ལ་མཁས་དབང་བློ་བཟང་སེང་གེའི་ཕྱག་ལས་དང་གྲུབ་འབྲས་བཅས་ལ་རྒྱུས་མངའ་ཆེན་པོ་བྱུང་ཡོད་ཅིང་། ཁོང་ནི་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐོག་ནས་འགྲོ་མཁན་ཞིག་རེད། ཅེས་འཁོད། དེ་ལས་ཀྱང་ཁ་གསལ་ཞིང་གནད་འགག་ཆེ་བ་ཞིག་ནི་ལྷན་ཁང་དེའི་དྲུང་ཆེ་དང་འཛིན་སྐྱོང་གི་འགན་འཛིན་སྐུ་ཞབས་མི་ལའི་སཱ་སཱི་མའི་ཐི་ཞུ་བས། སྤྱི་ལོ་༢༠༡༠ལོའི་ཟླ་༨ཚེས་༥ལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོར་གནང་བའི་ཕྱག་བྲིས་སུ་འདི་ལྟར་བཀོད་ཡོད་དེ།

མཁས་དབང་བློ་བཟང་སེང་གེ་མཆོག་སྤྱི་ལོ་༢༠༠༤ནང་ཁྲིམས་ལུགས་ཚན་རིག་གི་སློབ་དཔོན་ལེགས་གྲུབ་བྱུང་ནས་བཟུང་། ཤར་ཨེ་ཤ་ཡའི་ཁྲིམས་ཀྱི་ལས་གཞི་ཁང་གི་ཞིབ་འཇུག་ལྷན་ཁང་ནང་ཉམས་ཞིབ་པའི་ལས་གནས་སུ་ཧར་ཝར་ཊིའི་ཁྲིམས་ཀྱི་སློབ་གྲྭ་ཆེན་མོའི་གླ་ཕོག་ཐོབ་ངེས་ཀྱི་ལས་བྱེད་ངོ་མའི་ཁོངས་བསྐོ་བཞག་གནང་ཡོད་ཅིང་། གང་ཟག་སོ་སོའི་ཁྱད་དུ་འཕགས་པའི་བྱེད་ནུས་གཞིར་བཞག་ནས་ལས་གནས་སུ་བསྐོས་བཞག་གནང་སྲོལ་ལྟར་བསྐྱངས་པ་ཞིག་ཡིན། འདིའང་ང་ཚོའི་སློབ་གྲྭ་ནང་ཕེབས་མཁན་ཚོས་ལོ་རེ་བཞིན་ཟླ་གྲངས་འགའི་རིང་གནས་སྐབས་ཙམ་གྱི་རིང་ལ་ལས་གནས་སུ་འཛུལ་ཞུགས་ཀྱི་སྙན་ཞུ་ཕུལ་བ་གཞིར་གཟུང་ཀྱིས་འདེམས་སྒྲུག་གནང་བ་ལྟར་མིན་པར་མ་ཟད། ཧར་ཝར་ཊའི་ཁྲིམས་ཀྱི་སློབ་གྲྭའི་ནང་དུ་གནད་དོན་འདི་དག་གི་ཐད་ལ་བཀའ་འདྲི་ཞུ་ཡུལ་ཚད་ལྡན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། གསུངས་ནས་སླར་ཡང་། ད་དུང་ཁོང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོའི་ལམ་ལུགས། རྩོད་རྙོག་འདུམ་འགྲིག་བཅས་ལ་དམིགས་བསལ་གྱི་ཁྱད་ལས་ཅན་ཡིན་པའི་ཁར། ཁོང་གི་རིག་གཞུང་དང་དཔོན་རིགས་ལས་དོན་གྱི་ཐོག་ཐག་གཅོད་གནང་སྟངས་ལ་ཁོང་དང་ལྷན་དུ་ཡོད་པའི་གང་ཟག་སྒེར་དང་མཁས་དབང་དང་ཕྱག་རོགས་བཅས་ཀྱིས་ཆེས་གུས་རྩི་གནང་གིན་ཡོད། ཅེས་ཁ་སྣོན་གནང་འདུག གོང་གི་ཚིག་དུམ་གཉིས་ཀྱིས་མཁས་དབང་བློ་བཟང་སེང་གེ་ལ་ཧར་ཝར་ཊི་ལྟ་བུའི་ལས་འཛིན་དང་ལས་རོགས་བཅས་ནས་རྒྱུས་མངའ་ཡོད་པའི་གདེངས་འཇོག་ཅི་ཙམ་གནང་ཡོད་པ། ལོ་བཅུ་གཅིག་ལྷག་གི་རིང་ལ་མཉམ་ལས་གནང་བའི་ཐོག་ནས་ལྟ་གྲུབ་དང་ལག་ལེན་ཟུང་དུ་སྦྲེལ་མཁན་ཞིག་ཡིན་པའི་ངོས་འཛིན་གནང་བ། མཐོ་སློབ་དེ་གར་གཏན་འཇགས་ཀྱི་ལས་གནས་ཡོད་པ་ཙམ་མིན་པར་བཀའ་འདྲི་ཞུ་ཡུལ་ཚད་ལྡན་ཞིག་ཡིན་པའི་ངོས་འཛིན་ཡོད་པ་བཅས་བསྟན་ཡོད་ཅིང་། ཚིག་འདི་དག་གིས་ཁོང་ནི་སློབ་གླིང་དེའི་གལ་གནད་ཅན་གྱི་ལས་བྱེད་ཕུལ་བྱུང་ཅན་ཞིག་ཡིན་པའི་གསལ་བཤད་ཐོབ་ཡོད།

༼༤ དེ་ལས་ཀྱང་དགའ་འོས་པ་ཞིག

དེ་ལས་ཀྱང་དགའ་འོས་པ་ཞིག་ནི་མཁས་དབང་ཁོང་རྒྱ་ནག་ཏུ་ཕེབས་པའི་སྐོར་གྱི་སྐད་ཆ་དེའི་རྗེས་འབྲས་རེད། འདིའི་ཐད་མཁས་དབང་ཟམ་གདོང་རིན་པོ་ཆེའི་གསལ་བཤད་གནང་བ་དེ་ཐོས་སྐབས་ཕྲན་ལྟ་བུར་ཡང་དོན་ངོ་མའི་སེམས་འགུལ་ཐེབས་སོང་།

མ་གཞི་ཁོང་ནི་སྐབས་དེ་དུས་དྲང་མོ་བཤད་ན་ཧ་ཝར་ཊའི་མཐོ་སློབ་ཏུ་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་ལམ་ཁ་གང་ཞིག་ནས་འགྲོ་བ་དང་། ཐ་ན་ཚོགས་འདུ་དེ་ལྟ་བུ་ཞིག་ཏུ་ཞུགས་ན་འགྲིག་གམ་མི་འགྲིག་སོགས་ལ་ཡང་བཙན་བྱོལ་བོད་གཞུང་དང་དམིགས་བསལ་གྱི་འབྲེལ་བ་ཆགས་ཀྱི་མེད་ལ་གལ་ཏེ་ཡོད་པའི་དབང་དུ་བཏང་ཡང་། ང་ཚོ་བོད་ཀྱི་བླ་མ་ཆོས་ཀྱི་རྗེ་རྣམ་པ་མན་ཆོད་ནས་དཀའ་སྡུག་མྱངས་ནས་བཙན་བྱོལ་དུ་ཡོང་བ་ཡིན་ཟེར་བའི་མི་མང་འཆི་མ་གདོང་ནས་མི་སྐམ་པའི་ཡུས་བགྲང་རྒྱུ་ཡོད་མཁན་དེ་དག་གིས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ན་ཉིན་ཞག་མང་པོར་ཉལ་ནས་སྒུག་སྡོད་པ་དེ་དག་དང་། རང་ཉིད་ཀྱི་ལས་དོན་གྱི་ཆེད་དུ་ལམ་ཁ་ལ་བདམས་བསེས་མེད་པའི་བྱེད་སྟངས་ཡོངས་ཁྱབ་ཅན་དུ་གྱུར་ཟིན་པའི་དུས་བབ་ཅིག་གི་ཁྲོད་ནས་ཀྱང་ཁོང་གིས་ཕན་ཚུན་ཕེབས་བཞུད་གཉིས་ཆར་གྱི་སྐབས་སུ་ཡང་བཀའ་ཤག་གི་བཀའ་དགོངས་ཁོ་ནར་བསྟུན་གནང་མཛད་པ་དེས་ཁོང་ནི་རང་ཉིད་ཀྱི་གཞུང་ལ་ཇི་ལྟ་བུའི་དམ་ཚིག་དང་ལ་རྒྱ་བརྟན་པའི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པ་དེ་རྟོགས་ཐུབ། མཐར་གཏུགས་ན་སྐབས་དེར་ཁོང་རྒྱ་ནང་དུ་བསྐྱོད་པ་ནི་བཀའ་ཤག་དང་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ཡོངས་སུ་མཐུན་པའི་ཐོག་ནས་ཕེབས་པ་ཙམ་དུ་མ་ཟད་དོན་ཕན་ལྡན་པའི་ཕྱག་ལས་གནང་ཡོད་པའི་གསལ་བཤད་ཐོབ་ཟིན་པ་དེར་ད་དུང་ཞིབ་འཇུག་དགོས་པ་གང་ཞིག་ཡོད་དམ།

འོན་ཀྱང་འདིའི་སྐོར་གྱི་བཀའ་མོལ་དག་ཞིབ་ཏུ་འདྲེན་པའི་ངལ་བ་བྱ་མི་དགོས་པ་ཡིན།

༼༥ ཡ་མཚན་ཆེ་བའི་དོན་དངོས།

དེ་དུང་ཡ་མཚན་ཆེ་བའི་དོན་དངོས་གཞན་ཞིག་ཀྱང་ཡོད་དེ། དེ་ནི་ཁོང་གི་ཕྱི་སྐྱོད་ཕྱག་འཁྱེར་གྱི་སྐོར་རེད། ནུབ་ཕྱོགས་སུ་བཞུད་ཟིན་པའི་བོད་པ་ཞིག་ལ་བོད་པ་ཞེས་པའི་མིང་འདི་དོར་ནས་རྒྱལ་ཁོངས་བཞན་གྱི་མི་སེར་དུ་ཧབ་ཐོབ་མ་བྱས་པ་ཉིན་སྐར་ཙམ་ལས་མེད་ལ། ཆབ་སྲིད་བཙོན་ཟུར་རམ་བོད་ཀྱི་དཔའ་བོ་ཡིན་ཟེར་མཁན་དག་གིས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་རྒྱལ་ཁབ་གཞན་གྱི་མི་སེར་དུ་བརྩོན་ལེན་བྱེད་བཞིན་ཡོད་ན་ཡང་། བཟའ་ཟླ་ནང་མི་དང་བཅས་པ་ཨ་རིའི་དག་ཞིང་དུ་འཚོ་བ་བསྐྱལ་ནས་མི་ལོ་དེ་ཙམ་ཐལ་བའི་སྤྱང་གྲུང་ལྡན་པའི་སྐུ་ཞབས་ཁོང་ལ་མུ་མཐུད་རྙོག་འཛིངས་ཆེ་བའི་སྐྱབས་བཅོལ་ལག་དེབ་སེར་པོ་དེ་ཁུར་ནས་འགག་སྒོ་དང་གནམ་ཐང་རེ་རེ་བཞིན་གྱི་མཐོང་ཆུང་དང་ཁྱད་གསོད། བཀག་ཉར་དང་འདྲི་བརྩད་བཅས་ཡོང་སྲིད་པ་དང་འཕྲད་སྲིད་པའི་གནད་དོན་དེ་དག་དང་། ཐ ན་རྒྱ་གར་རང་ནས་རྒྱལ་ཁབ་གང་ཞིག་གིས་ཐོངས་མཆན་ཚད་ལྡན་ཡོད་མེད་ལ་མ་ལྟོས་པར་རྒྱབ་གཉེར་དང་དུས་བཀག་གི་ཡིག་ཆ་ཐོལ་པ་ཅི་ཙམ་ཞིག་བཟོ་དགོས་པ་རང་ཉིད་འགྲོ་སྐྱོད་འདོད་པའི་རྒྱལ་ཁབ་དང་ས་ཁུལ་ཅི་ཙམ་ཞིག་ལ་ཚད་བཀག་ཡོད་པ་སོགས་ཀྱི་དངོས་ལ་ཅི་མི་སྙམ་པའི་རང་ཚུགས་དེ་ལྟ་བུ་ཡོད་པ་ནི་ཡིད་ཆེས་དཀའ་བ་ཞིག་ཡིན་ན་ཡང་། ཆེད་ལས་སྐྱོན་འཛུགས་མཁན་དག་གིས་ཀྱང་ཅང་མི་ཟེར་བའི་ཚུར་གྱིས་ཁས་བླངས་ཟིན་སྟབས་ངས་ཀྱང་ཡིད་མ་ཆེས་རང་ཆེས་རེད།  ཕྱོགས་གཞན་ཞིག་ནས་ལྟས་ན་སྐུ་ཞབས་བཀྲིས་མཐོང་དང་ཁོང་གི་ནང་མིའི་ངོ་བོ་གཞན་འགྱུར་གྱི་གནས་བབས་དང་མི་སེར་ལག་འཁྱེར་ལ་དོགས་འདྲི་མ་གནང་བར་བཞག་པ་ནི། ཨ་རིའི་གློག་ཕྲིན་ཁང་གི་ཀུན་གླེང་ལས་རིམ་གྱི་བྱེད་སྟངས་ལ་ཟུར་ཟའི་དྲ་མཆན་ཞིག་ཏུ། བཀྲིས་མཐོང་ལ་བྱས་རྗེས་འཆད་དུ་བཅུག་ཅིང་། བཀྲ་ཤིས་དབང་འདུས་ལ་ཉམས་མྱོང་འཆད་དུ་བཅུག་རྗེས་བློ་བཟང་སེང་གེར་ཁྲིམས་ཁང་གི་དྲི་ཞིབ་པའི་བྱེད་སྟངས་སྤྱད་སོང་ཞེས་བྲིས་མྱོང་བ་དང་འདྲ་སེ་བ་ཞིག་འདུག

༼༦ ཟོས་མ་ཟོས་དམར་ཆུང་བྱད་ལ་ལྟོས།

ད་དུང་གསལ་བཤད་དགོས་པ་གཅིག་ཡོད་དེ། ང་ཚོ་ལ་ཟོས་མ་ཟོས་དམར་ཆུང་བྱད་ལ་ལྟོས་ཟེར་བའི་གནའ་མིའི་གཏམ་དཔེ་ཞིག་ཡོད་ཅིང་། དེའི་ནང་དོན་ནི་མི་དེ་ལ་འཇོན་ཐང་དང་ནུས་ཤུགས་རྣམ་རིག་དང་བརྩོན་འགྲུས་ཇི་ཙམ་ཡོད་པ་དེ་མི་དེའི་ལག་ཏུ་བླངས་ནས་ཐོབ་པའི་གྲུབ་འབྲས་ལ་ལྟ་དགོས་ཞེས་པའི་དོན་རེད། ལེགས་བཤད་མཆོག་ཏུ་གྱུར་པའི་གཏམ་དཔེ་འདི་ཚད་ལ་བཞག་ནས་ཕྱི་འདངས་ཤིག་བརྒྱབ་པ་ཡིན་ན། བློ་བཟང་སེང་གེ་ཅིའི་ཕྱིར་བོད་པའི་ཕྲུ་གུ་ཁྲི་སྟོང་མང་པོའི་ནང་ནས་ཨ་རིའི་དམིགས་བསལ་ཆེས་མཐོའི་སློབ་ཡོན་གྱི་འོས་གཞིར་གྱུར་པ་རེད། ཅིའི་ཕྱིར་སློབ་ཡོན་དེའི་བགོ་བསྐལ་ལོངས་སུ་སྤྱོད་པའི་མཁས་དབང་ཚུད་པའི་སྐྱེས་བུ་བསོད་ནམས་ཅན་སུམ་བརྒྱའི་ནང་ནས་ལམ་ལྷོང་ཆེ་ཤོས་ཀྱི་བསྔགས་བརྗོད་ཐོབ་པ་རེད། ཅིའི་ཕྱིར་ཧ་ཝར་ཊའི་མཐོ་སློབ་ཀྱི་ཁྲིམས་ཀྱི་སྡེ་ཚན་གྱི་མཁས་དབང་ལས་རོགས་པ་དེ་དག་གིས་ལྟ་གྲུབ་དང་ལག་ལེན་ཟུང་འབྲེལ་དུ་གནང་མཁན་གྱི་མཁས་དབང་ཞིག་ཡིན་པའི་སྡོམ་ཚིག་བཀོད་པ་རེད། ད་དུང་ཅིའི་ཕྱིར་རང་ཉིད་ཀྱི་འཇོན་ཐང་དང་སྤོབས་སེམས་ཀྱིས་མི་བུ་མཆོག་ཏུ་གྱུར་པ་ཞིག་བྱ་རྒྱུའི་ལས་དོན་དེ་གོ་རིམ་ཡོད་པའི་སྒོ་ནས་བརྩམས་ཤིང་ཡར་ཐོན་ཅན་གྱི་དབུ་ཁྲིད་ཅིག་གི་གར་སྟེགས་སུ་ཆེས་མཐོའི་གོ་གནས་ཟིན་པ་རེད།

འདི་དག་གིས་ང་ཚོ་ལ་མཁོ་གལ་ཡོད་པའི་དྲིས་ལན་གཅིག་མཁོ་འདོན་གནང་གིན་ཡོད་དེ། དེ་ནི་ཨ་རིའི་གློག་འཕྲིན་གྱི་ཀུན་གླེང་ལས་རིམ་དུ་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་གྱི་བགྲེས་སོང་ཞིག་གིས། ཁོང་ནི་ལས་དོན་གང་བརྩམས་ཀྱང་མཐའ་འཁྱོལ་བ་བྱེད་མཁན་ཞིག་དང་། གཞན་དང་མཉམ་ལས་དང་འགྲོགས་འདྲེས་བྱེད་ཤེས་པའི་ཐོག་ནས་ལས་དོན་ལ་མཉམ་རུབ་བྱེད་ཤེས་མཁན་ཞིག་ཡིན། ཞེས་རྒྱུས་ཡོད་ཀྱི་བདེན་དཔང་གནང་བ་དེ་ལ་སླར་ཡང་ངེས་པ་རྙེད་དུ་བཅུགས་ཡོད། འདིས་མཁས་དབང་ཁོང་ལ་ཉམས་མྱོང་མེད་པའི་སེམས་ཁུར་གནང་མཁན་དག་གི་ཆེད་དུ་གུན་བསབ་ལེགས་པོ་ཞིག་ཆགས་རྒྱུའི་རེ་བ་ཡོད།

༼༧ བཞད་གར་ལྟ་བུའི་དོན་དངོས།

འོན་ཀྱང་ཁ་ཅིག་གིས་ཐ་ན་ཁོང་ལ་མཁས་དབང་གི་མཚན་གནས་འབུལ་མཁན་དེ་བོད་ཀྱི་བང་ཆེན་རེད་ཅེས་ལབ་ཡོད་ལ་དེ་ལས་ཀྱང་བཞད་གར་ལྟ་བུའི་དོན་དངོས་ཤིག་ཡོད་པ་ནི། ཁོང་ཉིད་ཆུ་སྒང་གསར་རྙིང་དང་སྐུ་ངོ་འཇུ་ཆེན་བཅས་ལ་འབྲེལ་བ་ཡོད་པའི་སྐྱོན་བརྗོད་བྱེད་མཁན་དག་གིས་ད་བར་ཁོང་ཆུ་སྒང་ཞིག་གི་ནང་དུ་དྲུང་ཡིག་བྱས་མྱོང་སྟབས་སྡི་ལི་ཆུ་སྒང་ལས་ཁང་དུ་ཡིན་དགོས་པ་དང་། དེ་དང་སྐུ་ངོ་འཇུ་ཆེན་སང་འབྲེལ་བ་དམིགས་བསལ་ཅན་ཡིན་སྟབས་དོན་ལ་འཇུ་ཆེན་གྱི་དབྱུག་སྣེའི་ལྕགས་རྡེའུ་རེད་ཅེས་ཤོད་བསམ་པ་འདྲ་ཡང་། དོན་ལ་ཁོང་གིས་གང་དུ་ཕྱག་ལས་གནང་སའི་ཆུ་སྒང་དེ་ནི་ཨ་ཐར་གྱི་ཁ་གཏད་དུ་བཙུགས་པའི་ཆུ་སྒང་གསར་པ་རེད་ཅེས་ཁོང་ལ་གླན་ཁ་འཚོལ་མཁན་གྱི་རྩོམ་པ་པོ་ཞིག་གིས་དངོས་སུ་བདེན་དཔང་བྱས་ཟིན། ངས་སྐུ་ངོ་འཇུ་ཆེན་དང་འབྲེལ་བ་ཡོད་ན་སྡུག་ཅག་ཅིག་ཡིན་པའི་ངོས་ལེན་བྱ་རྩིས་མེད་ན་ཡང་དེ་ལྟར་སྒྲུབ་མཁན་དེ་དག་གིས་ཡང་སྙིང་རང་གིས་གང་ཞིག་བཤད་ཀྱིན་ཡོད་པ་དང་ཅི་ལྟར་བཤད་དགོས་པ་སོགས་ལ་བསམ་བློ་གཏན་ནས་བཏང་མི་འདུག ཐ་ན་འདི་ལོའི་ལྡི་ལི་ཆུ་བཞི་སྒང་དྲུག་གི་སྔོན་འགྲོའི་འོས་གཞིའི་ཁོངས་སུ་ཡང་བློ་བཟང་སེང་གེ་ལགས་འོས་གཞིར་འདོན་རྒྱུའི་མོས་མཐུན་མ་བྱུང་བ་ཙམ་ལ་ཡང་བསམ་བློ་མ་འཁོར་བ་འདྲ། དེས་ན་ད་བར་གནས་ཚུལ་ཆུང་ཆུང་འདི་ཙམ་ཡང་དབྱེ་བསལ་མ་བྱས་པར་མུ་མཐུད་གཉིད་ལབ་རྒྱག་གིན་ཡོད། འདི་ལ་གཞུང་ལུགས་རྙིང་པའི་ནང་དུ། མུན་སྤྲུལ་དང་སུན་ཅི་ཕྱིན་དུ་རྒོལ་བ་སོགས་ཆེད་སྤྱོད་མིང་ཚིག་ཀྱང་ཡོད་པར་སྣང་།

ད་ངོ་མ་གད་མོ་ཤོར་ནས་རིལ་དགོས་པའི་ས་ལ་བསླེབས་འདུག

༼༨ གླེན་རྟགས་ཤིག་ཏུའང་འགྱུར་སྲིད།

མ་གཞི་མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལག་ལེན་དུ་བསྟར་ནས་བརྡར་ཤ་ཆོད་པའི་དྲི་བརྩད་གནང་དང་གནང་བཞིན་པ་དེ་དགའ་འོས་པ་ཞིག་རེད་ལ། ཕྱོགས་ལྷུང་ཅན་དང་ཐལ་ཆ་ཅན་གྱི་སྐད་ཆ་མང་པོ་འཛེམས་ཟོན་མེད་པར་སྒྲོགས་བཞིན་པ་འདི་དག་ཀྱང་སྐྱེས་བུ་སྒེར་གང་རུང་ལ་རྒྱབ་སྐྱོར་གྱི་ཆེད་དགོས་ངེས་ཤིག་ཡིན་སྲིད་ན་ཡང་། ལམ་ལྷོང་མ་བྱུང་ན་ང་ཚོར་རྒྱལ་བ་རིན་པོ་ཆེའི་ཐུགས་རེ་དང་མཐུན་པའི་སློབ་སྦྱོང་ཐོན་ཅིང་། ང་ཚོའི་སློབ་ཡོན་འཆར་འགོད་འདིའི་ནང་ནས་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་ལས་དོན་ལེགས་སོན་བྱུང་བ་གཅིག་བྱུང་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཆེད་བརྗོད་གནང་སའི་སྐྱེས་བུ་འདིའི་མ་འོངས་པའི་རླབས་ཆེའི་ལས་དོན་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད་བོད་སྤྱིའི་རྩ་དོན་དང་ལ་རྒྱའི་ཆེད་ངོམ་རིན་ཡོད་པའི་སྐྱེས་བུ་ཞིག་དེ་ལྟར་ཕངས་སེམས་མེད་པར་བསད་པ་ཡིན་ན ་བོད་མི་ཡོངས་ཀྱི་གྱོང་གུད་དང་ངོ་ཚ་འོས་པའི་གླེན་རྟགས་ཤིག་ཏུའང་འགྱུར་སྲིད། འོན་ཀྱང་དེ་ལྟར་མིན་པར་སྨོན།

༼༩ མཇུག་གི་གཏམ།

མཐའ་དོན་ང་ཚོས་ཁོང་ལ་གཞོགས་འདེགས་གང་ལེགས་བྱས་ནས་འོས་ཐོབ་ཀྱི་གོ་སྐབས་ཐེངས་གཅིག་སྤྲོད་རྒྱུ་དང་། དེ་རྗེས་ཀྱང་ང་ཚོའི་བཀའ་ཤག་དང་ང་ཚོའི་གྲོས་ཚོགས་ང་ཚོའི་སྤྱི་འབངས་བཅས་ནས་འགན་ཁུར་ཡོད་པའི་ལྟ་སྐུལ་འོག་མུ་མཐུད་ཁོང་ལ་སྙིང་ཉེ་ཞིང་རྩ་དོན་ལ་སྙིང་ཉེ་བའི་རྫི་བོ་ཡག་པོ་ཞིག་བྱ་རྒྱུ་དེ་ངའི་མཐར་ཐུག་གི་རེ་བ་ཡིན། འདི་ནི་མང་གཙོ་ཡང་དག་པའི་འགྲོ་སྟངས་ཀྱང་རེད།

Share this:
༡༥༦ ཀློག་གྲངས།