།ཅིའི་ཕྱིར་བློ་བཟང་སེང་གེ་མཆོག་ལ་སྔོན་འགྲོའི་འོས་མང་ཤོས་ཐོབ་པ་རེད་དམ།

སྤྱི་འཐུས་སྐབས་བཅོ་ལྔ་བའི་སྔོན་འགྲོའི་འོས་འཕེན་ལས་རིམ་ལ་མི་མང་གིས་སྔར་དང་མི་འདྲ་བར་བསམ་བློའི་གནས་ཚད་མཐོ་བོའི་ཐོག་ནས་དོ་སྣང་གནང་བའི་འགྱུར་ལྡོག་དེ་མང་གཙོ་ཡར་རྒྱས་ཀྱི་ན་ཚོད་ཡོངས་སུ་སྨིན་པའི་མངོན་རྟགས་ཤིག་རེད། དེའང་ྋགོང་ས་མཆོག་སྐུ་རྐྱང་གིས་འབད་རྩོལ་ཁོ་ན་ལས་བྱུང་བ་ཡིན་པས་ཚད་གཞལ་དུ་མེད་པའི་ཁོང་གི་བཀའ་དྲིན་ཅིའི་ཕྱིར་རྟག་ཏུ་ཡིད་ལ་མི་དྲན་ནམ། །

ད་ནི་སྐབས་དོན་བརྗོད་པར་བྱ་བ་འབྱུང་འགྱུར་བཀའ་ཁྲིའི་སྐོར་བརྗོད་ན། ཕྱི་ལོ ༢༠༡༠།༡༠།༣༠ ཉིན་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས༼ ང་ཚོའི་བོད་ལུང་བ་སྤྱིའི་གནས་ཚུལ་ལ་ཆ་བཞག་ནའང་མི་ཐོག་གོང་མ་དག་གིས་མ་འཇོན་པ་བྱས། དངོས་ཡོད་གནས་ཚུལ་དག་ལ་དོ་སྣང་མ་བྱས་པར་ཚུར་ཕྱོགས་དེར་ཞབས་བརྟན་འདྲ་བསྒྲུབས་ཏེ་བསྡད་སྟབས་ང་ཚོ་བོད་ལུང་བ་དང་ཁ་བྲལ་བ་རེད ༽ཅེས་གསུངས་པ་ལྟར་ཕྱི་ལོ ༡༩༡༢ ནས ༡༩༤༩ དབར་དང༌། ལྷག་པར་དུ ༡༩༤༧ དང ༡༩༤༨ དང ༡༩༤༩ བཅས་ཀྱི་དུས་སྐབས་རྩ་ཆེན་དེ་དག་གི་ཚེ་ན་རྣམ་དཔྱོད་དང་ལྷག་བསམ་ཡེ་ནས་མེད་པའི་སྐབས་དེའི་གཞུང་གི་འགོ་གཙོ་སྐུ་དྲག་ཅེས་འབོད་པ་ཁོང་ཚོས་རང་གི་གོ་ས་དང༌། གཞི་རྩ་གང་ཡང་མེད་པའི་ཕ་བརྒྱུད་བུ་འཛིན་གྱི་ལྟ་གྲུབ་ངན་པ་རྒྱུན་བསྲིངས་གནས་ཐབས་ཁོ་ནར་ཡོངས་སུ་བརྐམས་ཏེ་བོད་རྒྱལ་ཁབ་དེ་ཉིད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་འཛུལ་ཞུགས་བྱ་རྒྱུའི་སྒོ་སྐབས་ཧ་ཅང་བཟང་བོ་ཐོབ་པ་སོགས་བོད་སྤྱི་ཡོངས་ལ་ཕུགས་སུ་ཕན་པའི་སྣངས་ཆེན་གྱི་ལས་དོན་མང་དག་ཅིག་ལ་དོ་ཁུར་བྱས་མེད། ཁོང་ཚོའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བརྗེད་དུ་མི་སྲིད་པའི་བོད་མི་སེར་སྐྱ་འབུམ་ཕྲག་མང་བོ་ཡ་ང་བའི་དམར་གསོད་དང༌། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་ལོ་རྒྱུས་ཀྱིས་ཡོངས་སུ་་ཕྱུག་པའི་དགོན་པ་སྟོང་ཕྲག་མང་བོ་རྩ་གཏོར་དང༌། དུས་ད་ལྟའང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་གནས་སྟངས་ཐབས་སྡུག་དེ་འདྲ་ཞིག་ལ་བསྐྱལ་བ་ཡིད་ལ་དྲན་ཞིང་ཤེས་པའི་ཐོག་ནས་སླར་ཡང་སྐུ་དྲག་རིང་ལུགས་པར་མགོ་བོ་འདུད་རྒྱུ་མིན་ཞེས་མི་མང་གིས་བློ་བཟང་སེང་གེ་མཆོག་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དང་བོའོ། །

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་སྒེར་གྱི་གོ་ས་སྲ་བརྟན་གནས་རྒྱུའི་མཚོན་པའི་སྤྱི་ཚཽགས་རྙིང་བ་རོ་ལངས་རྒྱག་ཐབས་བྱེད་ཀྱིན་ཡོད་རེད་ཅེས་རྒྱུན་དུ་རྒྱ་ནག་གཞུང་གིས་གཞི་མེད་བསྙོན་འཛུགས་བྱས་པ་དང་གཅིག དབུ་འཁྲིད་མི་རབས་གོང་མ་རྣམས་རྫོགས་པ་ཡིན་ན་དེ་དང་ལྷན་དུ་བོད་ཀྱི་རྩ་དོན་གྱི་འཐབ་རྩོད་དེའང་མཇུག་བསྒྲིལ་རྒྱུ་རེད་ཅེས་བཤད་པ་དང་གཉིས། བཙན་བྱོལ་གཞུང་དེ་ཉིད་བཀས་བཀོད་རྒྱུན་འཛིན་ཞིག་ལས་མང་གཙོའི་གཞུང་མ་རེད་ཅེས་བཤད་པ་དང་གསུམ་ནི་རྒྱུན་ལྡན་རྒྱ་ནག་གཞུང་གི་གཞི་མེད་གཏམ་བཤད་དག་རེད། བློ་བཟང་སེང་གེ་མཆོག་གིས་ ༼ ང་ལྟ་བུ་འབྱོར་མེད་ཁྱིམ་ཚང་ནང་སྐྱེས་ཤིང་བཙན་བྱོལ་བོད་གཞུང་གཞི་རིམ་སློབ་གྲ་ནས་ཐོན་པའི་ལོ་ན་གཞོན་པ་ཞིག་ལ་བཀའ་ཁྲིའི་འོས་མིར་ཞུགས་རྒྱུའི་སྒོ་སྐབས་ཐོབ་པ་དེས་གོང་གི་གཞི་མེད་སྐྱོན་འཛུགས་རྣམས་བདེན་པ་མ་རེད་ཅེས་བརྡ་ལན་གྱི་དྲིལ་བུ་ཆེན་པོ་ཞིག་རྒྱ་ནག་གཞུང་ལ་བརྡུངས་པ་རེད་ ༽ ཅེས་ཁོང་གིས་གསུངས་པ་དེར་རྒྱུ་མཚན་དམིགས་བསལ་བ་ལྡན་པའི་གཏམ་ཞིག་ཏུ་མཐོང་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གཉིས་པའོ། །

འབྱུང་འགྱུར་གྱི་བཀའ་ཁྲི་སྐབས་གསུམ་པ་དང་བཞི་བ་བཅས་སོ་སོའི་དུས་ཡུན་རྫོགས་མཚམས་དེའི་ཚེ་ན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རིམ་པ་བཞིན་དགུང་ན ༨༡ དང ༨༦ ཏུ་ཕེབས་རྒྱུ་ངེས་པས་དུས་སྐབས་གཉན་འཕྲང་ཅན་དེ་དག་ད་ལྟ་ནས་ང་ཚོས་སྙིང་དབུས་སུ་བཅངས་ཏེ་ཕྲེང་རྡོག་བརྒྱུད་པ་ལྟར་གྱི་ངང་ཚུལ་བཞིན་རྒན་མཇུག་གཞོན་མཐུད་བྱས་ཏེ་ད་ཐེངས་ཀྱི་དུས་སྐབས་དམིགས་བསལ་ཅན་འདིར་གསར་གཏོད་ཀྱི་རྣམ་དཔྱོད་དང་དཔའ་མཛངས་ལྡན་པའི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གསུམ་པའོ། །
གནམ་གོང་གི་ཉི་ཟླ་ལྟ་བུ་ཁྱད་དུ་འཕགས་པའི་དབུ་འཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཁོང་རྣམ་པ་གཉིས་སྐུ་འཚོ་བཞུགས་སུ་ཡོད་པའི་སྒོ་སྐབས་རྩ་ཆེན་དེའི་འོག་གཞུང་འཛིན་ཉམས་མྱོང་ཅན་ཁོ་ནར་གཙིགས་ཆེན་དུ་འཛིན་པའི་གཞོགས་གཅིག་ཕུགས་ཐུང་གི་བསམ་བློ་ཡོངས་སུ་དོར་ཞིང་མ་འོངས་ཕུགས་རྒྱངས་རིང་བོའི་བསམ་བློས་བོད་ཀྱི་འཐབ་རྩོད་དེ་མི་རབས་གསར་བས་འགན་འཁུར་བྱ་དགོས་ངེས་ཡིན་པ་ཡིད་ལ་བཅངས་ཏེ་དུས་དང་མཐུན་པའི་འགྱུར་འགྲོས་དང་གསར་གཏོད་ཀྱི་རྣམ་དཔྱོད་གསར་བས་འཐབ་རྩོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བཞི་བའོ། །

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་མི་རིགས་ཀྱི་གཞི་རྩའི་རང་དབང་དང༌། དེ་བཞིན་དུ་དེའི་ངོ་བོ་དང༌། དེའི་སྐད་ཡིག་དང༌། དེའི་ཆོས་དང༌། དེའི་ཁོར་ཡུག་དང༌། དེའི་གཞན་ཕན་གྱི་ལྟ་སྤྱོད་བཟང་བོ་དང་བཅས་པ་ཡོངས་སུ་རྫོགས་པར་འཁྱག་མངར་བཞུ་བ་ལྟར་འཇམ་ཞིང་མཉེན་པའི་སྲིད་བྱུས་ཀྱིས་རྨེག་མེད་དུ་བྱས་དང་བྱེད་ཀྱིན་དུ་ཡོད་པ་དེ་ཉིད་ད་ལྟའི་སྐབས་སུ་ང་ཚོར་ཧ་ཅང་རྫ་དྲག་ཏུ་གྱུར་ཡོད། དེས་ན་ཁོང་རྣམ་པ་གཉིས་ཀྱི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་གོང་འཁོད་གནས་དོན་ཁག་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གདོང་ལེན་དང་འཐབ་རྩོད་བྱ་ཕྱིར་མིང་དོན་མཚུངས་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཡིན་པའི་བཀའ་ཁྲི་ཞིག་ངེས་པར་དུ་མཁོ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་ལྔ་བའོ། །

ཕྱི་ལོ་ ༢༠༡༠།༡༢།༢༡ ཉིན་སྒང་ཏོག་དཔལ་འབྱོར་རྣམ་རྒྱལ་རྩེད་ཐང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས ༼ ང་ཚོའི་ཐབས་ཤེས་དང༌། འཆར་སྣང་དང༌། རྣམ་དཔྱོད་གསར་བ་ཞིག་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་དགོས་ཀྱི་འདུག་ལ་མ་འོངས་པའི་འཛམ་གླིང་ཇི་འདྲ་ཆགས་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པ་རེད ༽ ཅེས་གསུངས་ཡོད་ནའང་ང་ཚོའི་སྤྱི་ཚོགས་ནང་མི་འབོར་གྱི་བརྒྱ་ཆ ༧༥ ཙམ་ན་གཞོན་ཡིན་པ་ནས་མང་ཆེ་བ་ནི་ཆབ་སྲིད་ལ་དོ་སྣང་ཧ་ཅང་དམན་པོ་རེད། འབྱུང་འགྱུར་ཆབ་སྲིད་ཀྱི་འགན་འཁུར་དེ་ན་གཞོན་ཚོས་ཁྱེར་དགོས་རྒྱུ་ནི་སྨོས་ཅི་དགོས་ལ་དུས་དང་མཐུན་པའི་འགྱུར་བཅོས་ཀྱང་མ་འོངས་པའི་ཆབ་སྲིད་འགན་འཁུར་བོ་ན་གཞོན་ཚོའི་ལྟ་གྲུབ་ལ་རག་ལས་པ་ནི་བཟློག་ཏུ་མེད་པས་གལ་ཏེ་ལོ་ན་གཞོན་པ་ཚོ་ཡིད་འགུག་པའི་ནུས་པ་མངའ་བའི་དགུང་ལོ་གཞོན་པ་ཞིག་བཀའ་ཁྲིར་འདེམས་ཐུབ་པ་ཡིན་ན་གཞོན་སྐྱེས་ཚོར་རང་བཞིན་གྱིས་འབྱུང་རྒྱུའི་བོད་ཀྱི་ཆབ་སྲིད་ལ་དོ་སྣང་དང་སེམས་ཤུགས་ལྷག་པོ་བསྐྱེད་རྒྱུ་ངེས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དྲུག་པའོ། །

རེ་འགས་ཉམས་མྱོང་ཅན་ཞིག་དགོས་གལ་ཆེ་ཚུལ་གྱི་གཏམ་བསྒྲགས་བྱས་ནའང་དོན་དམ་དུ་ཕྱི་ལོ ༡༩༤༩ ཕན་ཆད་ཀྱི་གཞུང་འཛིན་པ་སྐུ་དྲག་ཅེས་འབོད་པ་ཁོང་ཚོར་ཕ་བརྒྱུད་བུ་རབས་བརྒྱུད་དེ་མི་རབས་འགའ་ཡི་ཉམས་མྱོང་ལྡན་ནའང་ད་ལྟའི་བོད་ཀྱི་སྣོད་བཅུད་གཉིས་ཀའི་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་ལ་ཇི་ལྟར་བསྐྱལ་འདུག་གམ་འདས་པའི་བྱུང་རིམ་ལ་ཁ་ནང་དུ་ཕྱོགས་ཏེ་ལེགས་པར་སོམས་དང༌། །གཞན་ཡང་འཛམ་གླིང་གི་ཡང་རྩེར་སོན་པ་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀར་མཚོན་ན་ཨོ་བྷ་མ་ནི་ཉམས་མྱོང་ཅན་ཞིག་མིན་ནའང་དུས་མཐུན་གྱི་འགྱུར་འགྲོས་དང་མི་མང་གི་བསམ་བློའི་འཁྱེར་བཟོ་ལ་དཔགས་པའི་ཁོང་སྲིད་འཛིན་དུ་བདམས་པ་རེད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དགུང་ན་བཅུ་དྲུག་ཐོག་འཆི་མ་གསོན་གྱི་བོད་ཀྱི་གནས་སྟངས་ཧ་ཅང་ཐབས་སྡུག་ཅིང་རྫ་དྲག་གི་གནས་སྟངས་སུ་གནས་པའི་འོག་ནས་ཆོས་སྲིད་ཟུང་གི་ཐུགས་འགན་བདག་གིར་བཞེས་ནའང་འཛམ་གླིང་དེའི་སྟེང་དུ་བོད་གཞུང་མང་ཡོངས་ཀྱི་གནས་བབ་ནི་ཀུན་གྱིས་ཡིད་སྨོན་བྱ་བའི་ཡུལ་དུ་གྱུར་ཡོད། བོད་ཀྱི་རྩ་དོན་ཐད་གོང་ས་མཆོག་གི་དགོངས་པ་ཇི་ལྟ་བ་བཞིན་ལྟ་གྲུབ་བརྟན་པོ་ཞིག་དང་ལྟ་གྲུབ་དེ་དང་མཐུན་པའི་ལངས་ཕྱོགས་ཀྱི་སྲིད་བྱུས་གཙང་མ་འཛིན་ཐུབ་མཁན་གྱི་བཀའ་ཁྲི་གཅིག་ཀྱང་ཕྱི་ལོ་ ༢༠༠༡ ཡན་ལ་བྱུང་མེད་པ་དེ་ཡིས་ཕུང་འདུག་པ་མ་གཏོགས་བཙན་བྱོལ་ནང་ཉམས་མྱོང་ཅན་གྱི་མ་འདང་བའི་དཀའ་ངལ་ནམ་ཡང་ཕྲད་མེད། དབུ་འཁྲིད་ཁོང་རྣམ་པ་གཉིས་ཀྱི་དགུང་ནའི་འབབ་ལ་གཞིགས་ཏེ་གཞུང་འཛིན་ཉམས་མྱོངས་ཅན་ཁོ་ནར་གཙོ་ཆེན་དུ་མ་འཛིན་པར་དོན་དངོས་དང་མཐུན་པའི་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་འགྱུར་འགྲོས་དང༌། གསར་གཏོད་ཀྱི་ལག་ལེན་གལ་ཆེ་བར་གཟིགས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བདུན་པའོ། །

བློ་བཟང་སེང་གེ་མཆོག་ནི་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་རྣམ་དཔྱོད་བཟང་བོས་ལས་འགུལ་མི་ཉུང་བ་སྤེལ་ཡོད་ལ་འདི་བྱ་འདི་བྱ་མིན་གྱི་ཐ་ཚིག་ཧ་ཅང་གསལ་བ་དང༌། འབྱུང་འགྱུར་བོད་ཀྱི་འཐབ་རྩོད་མུ་མཐུད་དེ་གནས་པར་བྱེད་པ་ལ་ན་གཞོན་ཚོས་ཆབ་སྲིད་ཐོག་འགན་འཁུར་བླང་དང་མི་བླང་ལ་རག་ལས་པས་ཁོང་ལ་ན་གཞོན་ཚོའི་བློ་འགུག་ཐུབ་པའི་ནུས་པ་མངའ་བ་དང༌། དགུན་ན་གཞོན་ཞིང་དུས་དང་མཐུན་པའི་བཅོས་འགྱུར་དང་གསར་གཏོད་མེད་དུ་མི་རུང་བར་རྟོགས་པ་དང༌། རྒན་གཞོན་ཟུང་དུ་འབྲེལ་བའི་འཛིན་སྐྱོང་གི་ལམ་ལུགས་མེད་དུ་མི་རུང་བར་རྟོགས་ཤིང་གདེང་སྤོབས་ཀྱང་ཆེ་བ་དང༌། འཛམ་གླིང་ཐོག་ངོས་ལེན་ལྡན་པའི་ཁྲིམས་རྩོད་པ་ཞིག་ཡིན་པ་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བརྒྱད་པའོ།། །།

ཕྱི་ལོ་ ༢༠༡༡།༠༡།༡༩ ཉིན་བྲིས། །

Share this:
༩༠ ཀློག་གྲངས།