ཁ་བཏགས་ཀྱི་སྣེ་ནས་བསུས་པའི་ནང་ཆོས།

སྐད་ཆ་ཁ་ཤས་ཤིག་བཤད་རྗེས་སུ། ད་གཟོད་ངས་ཁོ་མོ་ནི་ང་རང་ལ་གཟའ་སྔོན་མའི་ནང་ད་གྲོགས་པོ་བློ་བཟང་གིས་ངོ་སྤྲོད་བྱས་པའི་བཙུན་མ་དེ་ཡིན་པ་ཤེས་སོང་། གྲོགས་པོ་བློ་བཟང་གིས་ང་རང་ལ་ནང་བའི་བཙུན་མ་ཞིག་གིས་ནང་ཆོས་སྐོར་གྱི་དེབ་ཞིག་སྒྱུར་ཡོད་པ་དེ་ཀྲེ་ལ་བེས་ནས་སྒོ་འབྱེད་གནང་གི་ཡོད་པ་དེ་ལ། བོད་པ་ཞིག་གི་རོགས་རམ་བྱེད་དགོས་ཀྱི་འདུག་པའི་སྐོར་ང་རང་འོས་འཚམ་ཡིན་པར་གླེང་བ་དེར་ངས་ཁས་ལེན་བྱས་པ་ཡིན།

ངས་ཁོ་མོ་ལ་ག་དུས་ཡིན་མིན་དང་། ང་རང་དུས་ཚོད་ག་ཚོད་ལ་ཀྲེ་ལ་བས་ཀྱི་གཏམ་གླེང་སྒོ་འབྱེད་དེར་འབྱོར་དགོས་པར་དྲིས་་དུས། ཁོ་མོས་ང་རང་ལ་ཁྱེད་རང་གིས་ཁས་ལེན་བྱས་པ་དེར་ང་དངོས་ནས་དགའ་བོ་བྱུང་། གཟའ་པ་སངས་ཀྱི་ཞོགས་པ་ཆུ་ཚོད་བཅུ་གཅིག་སྟེང་དུ་འབྱོར་ན་འགྲིག ཁྱེད་ནས་གླེང་གཞི་བོད་ཀྱི་ལོ་སར་སྐོར་གླེང་ན་འོས་པོ་འདུག ཉིན་རྗེས་མ་དེ་ནི་བོད་ཀྱི་ལོ་སར་ལ་འཁེལ་འདུག་གསུངས་སོང་།

དེ་རིང་ང་རང་སྔ་བོ་ཡར་བླངས་དེ་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་རླངས་འཁོར་འབབ་ཚིགས་ལ་བྱིན་པ་ཡིན། མཛའ་མོའི་ངའི་བོད་ལྭ་ཆ་ཚང་ཞིག་གོན་ནས་འགྲོ་བཞིན་པ་དེ་མཐོང་ནས། དེ་རིང་ནི་ནམ་གཤིས་ཚ་བོ་རེད། ལྷག་པར་དུ་དེ་ལྟར་ཕྱི་ལ་སོང་ན་ཁྱད་མཚར་བོ་ཞིག་མི་འདུག་གམ་ཟེར། ངས་རང་ཉིད་བོད་མི་ཡིན་པས་བོད་ཀྱི་ལྭ་བ་གོན་ནས་ཕྱི་ལ་འགྲོ་རྒྱུ་དེ་ནི་དོགས་མི་བདེ་གང་ཡང་མི་འདུག་ཞེས་ལམ་དུ་ཆས།

རླངས་འཁོར་འབབ་ཚིགས་བར་དུ་ལམ་ནས་སུ་ལ་ཐུག་པ་དེ་དག་གིས་མཚར་སྣང་གིས་མིག་ཟུར་གྱིས་བལྟས། རླངས་འཁོར་འབབ་ཚིགས་ཀྱི་སྒོ་སྲུང་ཕོ་གསར་ཁ་ཤས་ཀྱིས་ང་ལ་ཁྱེད་ཀྱི་དྲག་རྩལ་ཤེས་སམ་ཟེར། ངས་ཀྱང་ཁོང་ཚོས་སྐད་ཀྱི་སྟེང་ནས། ངའི་དྲག་རྩལ་མི་ཤེས། ང་རང་བོད་པ་ཡིན་ཞེས་ལན་འདེབས་ཞོར་དུ་གློག་སྐས་སྟེང་དུ་འཛེགས།

ཀྲེ་ལ་བེས་ཉེ་འགྲམ་དུ་འགྲོ་བའི་རླངས་འཁོར་ཨང་གྲངས་བཞི་བརྒྱའི་ནང་དུ། འདི་ཁུལ་གྱི་ཆོས་ལུགས་པ་ན་གཞོན་ཆེས་མི་ཉུང་བ་ཞིག་དང་། རྒན་རྒོན་ཡང་མི་ཉུང་བ་ཞིག དེ་ལས་ཆོས་ལུགས་པ་མ་ཡིན་པའི་མི་ནི་ང་རང་རྩིས་པའི་རླངས་འཁོར་དེ་ཡི་ནང་དུ་ཉུང་ཉུང་རེད། ངས་ཡར་མར་ལ་བལྟས་དུས། རྐུབ་སྟེགས་མང་ཤོས་བཀང་འདུག ཆོས་ལུགས་པ་ན་གཞོན་ཁག་ཞིག་གི་འགྲམ་དུ་རྐུབ་སྟེགས་སྟོང་བ་ཁ་ཤས་ཤིག་འདུག ང་རང་དེ་རུ་བསྡད། ངའི་འགྲམ་གྱི་ཆོས་ལུགས་པ་ཕོ་སར་ཁག་གཞོན་དེ་ཡིས་མཚར་སྣང་གིས་ང་རང་གང་ནས་ཡིན་མིན་སྐོར་དྲིས། ངས་ཀྱང་ཁོང་ཚོས་ཐ་ཐོར་ཞིག་གིས་ང་རང་བོད་པ་ཡིན་ཞེས་བཤད།

གྲོགས་པོ་བློ་བཟང་བཟའ་མི་བཀང་བོ་སྔ་ས་ནས་གྲྭ་སྒྲིགས་ཚར་འདུག ཁོང་བཟའ་མི་གཉིས་ནས་དེ་ནས་སྐུ་མགྲོན་དག་ལ་མོག་མོག་གྲྭ་སྒྲིགས་བྱས་ཡོད་པ་རེད། གཏམ་གླེང་འདུ་འཛོམས་ཀྱི་ཁང་བརྩེགས་དེར་འབྱོར་ནས་ཆུ་ཚོད་གཉིས་ཙམ་རྗེས་སུ་བཙུན་མ་བསྟན་འཛིན་ཆོས་སྐྱིད་དང་མོ་རང་མ་རྒན་དང་མི་གཞན་ཞིག་སླེབས་པ་དང་། ང་ཚོས་ཕན་ཚུན་ལ་འཚམ་འདྲི་དང་ངོ་སྤྲོད་བྱས། ཁོ་མོས་ང་རང་ལ་ལག་རྟགས་ཤིག་འཁྱེར་འདུག དེ་ནི་མོ་རང་གིས་བཟོས་པའི་འཇིམ་སྐུ་སྟོན་པའི་འདྲ་སྐུ་ཞིག་དང་རྗེ་ཙོང་ཁ་བའི་འདྲ་སྐུ་ཞིག་འཁྱེར་འདུག་པ་དེ་གཉིས་ཀྱི་ནང་ནས་ང་རང་ལ་གཅིག་འདམ་རོགས་གསུངས་སོང་།

ཁོ་མོ་དང་མ་རྒན་མའི་ཕར་ཕྱོགས་ནས་དེབ་དང་མེ་ཏོག ཞོར་ཟས་རིགས་བཅས་གྲྭ་སྒྲིགས་གནང་སོང་། ང་རང་གིས་ཅོག་རྩེ་ཞིག་གི་འགྲམ་ནས་ཁ་བཏགས་བཟུང་དེ་མགྲོན་པོ་སུ་སླེབས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་ཞོར་དུ་ཁ་བཏགས་སྤྲད་པ་ཡིན།

ཁོ་མོས་དེབ་ཀྱི་ཁ་ཕྱེ་ནས་ཚོང་འགྲེམ་བྱེད་འགོ་བཙུགས་པ་ན། ངས་གཞི་ནས་དེ་ནི་སྒྱུར་རྩོམ་མ་ཡིན་པར། མོ་རང་གིས་ལོ་ངོ་་བདུན་བརྒྱད་རིང་དུ་ནང་ཆོས་སློབ་གཉེར་གྱི་ཉམས་ལེན་ཞོར་ནས་རང་གི་ནང་ཆོས་ཁྲོད་ནས་རྙེད་པའི་ནང་ཆོས་ཀྱི་སྐོར་གླེང་བ་ཞིག་རེད་འདུག

གཏམ་གླེང་གི་འགོ་བཙུགས་སོང་། གཏམ་གླེང་ངོ་སྤྲོད་བྱེད་མཁན་ནི་ལོ་ན་ཅུང་རྒན་ཙམ་ཞིག་ཡིན་ལ། ཁོ་བོས་གསུངས་པའི་ཚིག་འབྲི་ཁ་ཤས་ལས་ངས་བོད་ཀྱི་ནང་ཆོས་སྐོར་གླེང་གི་ཡོད་པ་ཐོས། ཡིད་འཕངས་པ་ཞིག་ལ་ངས་ཁོང་ཚོས་སྐད་ཡག་པོ་ཞིག་མི་གོ་བ་དེ་ཡིན།

ཨེས་སུ་རལ་གྱི་ནང་བའི་གྲྭ་བ་གཅིག་གིས། འཕགས་པའི་བདེན་པ་བཞི་དང་། བྱང་ཆུབ་སེམས་ཀྱི་སྐོར་ནས་གཏམ་གླེང་བྱས། དེ་ཡི་མཇུག་ནས་ང་རང་གིས་བོད་ཁུལ་གྱིས་ལོ་སར་སྐོར་རང་ཉིད་ལ་གང་ཆ་རྒྱུས་ཡོད་པ་དེ་དག་དབྱིན་སྐད་ནས་ངོ་སྤྲོད་དང་བསྒྲགས་ནས་གཏམ་གླེང་བྱས་ཀྱང་། དེ་ཁུལ་གྱི་མི་ཉིས་བརྒྱ་ཙམ་འདུ་བའི་ཁྲོད་ཀྱི་མང་ཤོས་ཤིག་ལོ་ན་བགྲེས་པོ་ཡིན་པ་དང་དབྱིན་སྐད་ཡག་པོ་མི་ཤེས་སྒང་ལ། ང་རང་གི་དབྱིན་སྐད་ཀྱི་ཆུ་ཚད་ཀྱང་བཟང་བོ་མེད་སྟབས། ཁོང་ཚོ་ལ་སྤྲོ་སྣང་དང་ཚོར་བ་བྱུང་ཡོད་མེད་གང་ལྟར་ཡང་། ཁོང་ཚོས་ཐལ་མོ་བརྡབས་པའི་སྒྲ་ནི་དངོས་ཤུགས་ཆེན་པོ་འདུག

རྒྱལ་ཁབ་འདི་ན་བོད་ཀྱི་ནང་ཆོས་ཀྱི་ཡིད་འཕྲོག་ནས་ཁྱིམ་མེད་པར་རབ་དུ་བྱུང་མཁན། གྲྭ་བ་གསུམ་དང་བཙུན་མ་མོ་རང་དང་བཅས་བཞི་འདུག མོ་རང་དང་གྲྭ་བ་དེ་གསུམ་མཉམ་འབྲེལ་གྱིས་སང་ཉིན་ནང་ཆོས་སློབ་གཉེར་ཁང་ཞིག་གི་སྒོ་འབྱེད་གནང་གི་ཡོད་ལ། མ་འོངས་པའི་རེ་བ་ནི། རྒྱལ་ཁབ་འདི་ནས་ནང་བའི་དགོན་པ་ཞིག་འཛུགས་ཐུབ་རྒྱུར་རེ་བ་རྒྱགས་ཀྱི་འདུག

Share this:
༦༡ ཀློག་གྲངས།