ཅི་ཞིག་ནི་གསུམ་བཅུའི་དུས་དྲན་རེད།

བོད་ཀྱི་རང་དབང་དེ་མི་གཞན་ལ་ཆེ་མཐོང་སྤྲད་ནས་རག་མི་ཐུབ་པ་དང། རྒྱལ་ཁབ་དང་གཞན་ལ་སློང་མོ་ནས་རག་མི་ཐུབ་པར། བོད་ཀྱི་རང་དབང་གི་ཆེད་བོད་མི་རང་ཉིད་ཀྱི་ཟུངས་ཁྲག་གི་འགྲོ་གྲོན་བཏང་ནས་རྩོད་ལེན་བྱ་དགོས་པའི་ལྟ་བ་འཛིན་གྱི་བོད་མི་ཁྲི་མ་འབུམ་ཞིག་བྱུང་བ་ཁོ་ཚོའི་སྙིང་སྟོབས་ལ་རྗེས་དྲན་སྲུང་བརྩི་དང་། སློབ་སྦྱོང་བྱེད་པའི་དུས་དྲན་ཞིག་རེད།

དེ་རིང་ང་ཚོས། ཝུའུ་ཅིན་ཐའོ། སྡུག་ཤིག་རྒྱོབས། ཝན་ཅའོ་པའོ། རྙང་གཤལ་རྒྱོབས་ཞེས་འབོད་ཚིག་སྒྲོགས་པ་དེས། ང་ཚོའི་བུ་རབས་ཚ་རྒྱུད་ཚོས་ཕྱི་ལོ་ 1959-3-10 ཉིན་གྱི་དོན་རྐྱེན་ཤེས་རྟོག་དང་། དེ་ལ་རྟེན་ནས་སྔོན་བྱོན་དཔའ་བོའི་སྙིང་སྟོབས་ལ་མི་རབས་གསར་པས་རྗེས་དྲན་དང་། སློབ་སྦྱོང་ཞུ་བའི་ལས་འགུལ་ཞིག་ཏུ་རྩ་བ་ནས་འགྱུར་ཐུབ་ཀྱི་མི་འདུག་ན། ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་གོམས་སྲོལ་ཉོབ་ཏོ་དེ་ལ་འགྱུར་བ་ཞིག་བཏང་སྟེ། སློབ་ཕྲུག་དང་། མང་ཚོགས་རྣམས་ཚ་བ་ཆེ་བའི་རྒྱ་གར་གྱི་ཁྲོམས་གཞུང་དག་ཏུ་འཁྲིད་རྒྱུ་མཚམས་འཇོག་གིས། ཕྱི་ལོ་ 1959-3-10 ཉིན་བོད་མིའི་སྒེར་ལངས་བྱས་པའི་དངོས་གཞིའི་གློག་བརྙན་སྟོན་པ་དང་། དོན་རྐྱེན་དེའི་སྔ་ཕྱིའི་འབྱུར་རིམ་ལ་བགྲོ་གླེང་། སྐབས་དེའི་རྒྱ་མིའི་ལྐོག་གཡོའི་སྲིད་ཇུས་དང་། བོད་གཞུང་མང་གི་རེ་བ་དང་དམིགས་ཡུལ་གང་ཞིག་བརྒྱབས་ཡོད་མིན་ལ་སློབ་སྦྱོང་དང་དབྱེ་ཞིབ་བྱ་དགོས། དཔེར་ན། རྒྱ་མིའི་དམག་ཁུལ་ཁང་གིས་༸གོང་ས་མཆོག་གློག་བརྙན་གཟིགས་པར་གདན་ཞུ་གནང་བ་བཞིན་ཕེབས་ཡོད་ཚེ། ད་ལྟ་གནས་སྟངས་ཅི་ཞིག་ཆགས་ཡོད་དམ། ཉིན་དེར་བོད་མི་མང་གིས་༸གོང་ས་མཆོག་རྒྱ་མའི་དམག་ཁུལ་ཁང་དུ་གློག་བརྙན་གཟིགས་པར་ཕེབས་གནང་མི་ཡོང་བའི་ཞུ་འབོད་ཀྱིས་བཀག་འགོག་བྱས་པ་དེ། མི་ལོ་ལྔ་གཅིག་ཕྱིན་པའི་དེ་རིང་ང་ཚོས་ཕྱིར་ཤིག་གིས་བསམ་བློ་ཞིག་བཏང་ཚེ་འགྲིག་གམ་ནོར་འདུག  དེས་ན། ཀློག་པ་པོ་ཁྱེད་ཀྱིས་གཤམ་གྱི་དྲི་བ་ལས་གཅིག་བདམས་ཏེ། ཁུངས་ལྡན་དཔྱད་གཞིའི་ཡིག་ཆ་དང་འབྲེལ་རྒྱུ་མཚན་གསུངས་རོགས།

དང་པོ། ཕྱི་ལོ་ 1959-3-10 ཉིན། ༸གོང་ས་མཆོག་རྒྱ་མིའི་དམག་ཁུལ་ཁང་དུ་ཆིབས་སྒྱུར་གནང་ཡོད་ཚེ། རྒྱ་མིས་སྐུ་བཀྲོངས་རྒྱུར་ངེས་པས། དེ་རིང་འཛམ་གླིང་ལ་བཀའ་དྲིན་ཆེ་བའི་ཞི་བདེའི་དེད་དཔོན་ཁོང་མེད་ལ། བཙན་བྱོལ་བོད་གཞུང་དང་། ཀུན་ཁྱབ་སེམས་འཁུར་གྱི་དོན་སྙིང་ལྡན་པའི་བོད་ཀྱི་ཆོས་རིག་སོགས་ཀྱང་མེད་པ་མ་ཟད། ད་ཆ་བོད་ཀྱི་གནད་དོན་དང་། བོད་ཀྱི་རིག་གཞུང་ཅེས་པའི་ཐ་སྙད་དེ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་ལྷག་ཡོད།

གཉིས་པ། ཕྱི་ལོ་ 1959-3-10 ཉིན། ༸གོང་ས་མཆོག་རྒྱ་མིའི་དམག་ཁུལ་ཁང་དུ་ཆིབས་སྒྱུར་གནང་ཡོད་ཚེ།   ༸གོང་ས་མཆོག་རྒྱ་མིས་ལྐོག་བཀྲོངས་བྱེད་མི་སྲིད་ཅིང་། བོད་རྒྱ་མཉམ་གནས་ཀྱིས་ཕན་ཚུན་ཡིད་ཆེས་ངེས་རྙེད་བྱུང་སྟེ། དེ་རིང་ང་ཚོ་གཞིས་བྱེས་གཉིས་སུ་གྱར་བའི་དཀའ་ངལ་དང་། བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་ཆབ་སྲིད་ཀྱི་གནད་དོན་དུ་འཛིན་ནས་དམ་བསྒྲགས་བྱེད་པའི་སྲིད་ཇུས་དེ་ཡང་མེད། ད་ལྟའི་བོད་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ཤིག་ཐོབ་ཏེ། བོད་མི་དེ་འདྲའི་མང་པོ་ཞིག་གི་ཚེ་སྲོག་འཕྲོ་བརླག་ཏུ་ཕྱིན་མེད།

{jcomments on}

Share this:
༢༨༧ ཀློག་གྲངས།