ཆབ་སྲིད་བཙོན་པ་གློད་གྲོལ་དང་མི་མང་གི་ཕེབས་བསུ།

དེ་ཡང་ཕྱི་ལོ་༢༠༠༨ ལོའི་ཟླ་༥ བའི་ཚེས་༢༠ ཉིན་དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་བསྟན་འཛིན་དངོས་གྲུབ་དང་།  loyangབློ་དབྱངས། གཉིས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག བོད་ལ་རང་དབང་དགོས། སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས།   ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་པར་བརྟན།  དྲག་ཆས་ཉེན་རྟོག་པ་དང་།  དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་རྗེས་སུ་ཁོང་གཉིས་ཀར་དུས་བཀག་བཙོན་འཇུག་ལོ་༣ རེའི་ཁྲིམས་ཐག་བཅད་ཡོད་པ་དང་།   གོང་མིང་པ་རྒྱལ་གཅེས་དཔའ་བོ་ཁོང་གཉིས་རྒྱ་ནག་གི་བཙོན་ཁང་ནས་ལོ་གསུམ་གྱི་དུས་ཡུན་རྫོགས་ཏེ་ཉེ་ཆར་བཙོན་གྲོལ་ཐོབ་སྟེ། ཕྱི་ལོ་༢༠༡༡ ཟླ་༣ པའི་ཚེས་༡༠ ཉིན་ཕྱིར་ཕ་ཡུལ་དུ་ལོག་སྐབས་དཀར་མཛེས་མི་མང་རྣམས་ཀྱིས་ལྷ་གསོལ་ལོ་ཞེས་འུར་སྒྲ་དང་བཅས་གཞུང་ལམ་གཡས་གཡོན་ནས་ལག་ཏུ་ཁ་བཏགས་དང་ལྷ་བསང་གིས་སྣེ་བཟུས་པ་མ་ཟད།  རླངས་འཁོར་ཆེ་ཆུང་དང་འཕྲུལ་རྟ་སོགས་ཞོན་མཁན་རྒྱལ་གཅེས་སྙིང་སྟོབས་ཅན་བོད་མི་ ༢༠༠ ལྷག་གིས་ཁོང་གཉིས་ལ་བཏགས་ཕུལ་རྗེས།  རླངས་འཁོར་ཐོག་ཏུ་༸གོང་ས་མཆོག་གི་སྐུ་པར་དང་སྒྲ་སྒམ་ཆེན་པོ་འཇོག་པ་དེ་ལས་༸གོང་ས་མཆོག་གི་བཀའ་སློབ་གཏོང་བཞིན་དཀར་མཛེས་ཁུང་རུང་གྲོང་ཞེས་པ་ནས་ཁོང་རང་གཉིས་ཀྱི་ནང་བར་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག། གྲྭ་བསྟན་འཛིན་དངོས་གྲུབ་ནི།  སྐྱེས་ཡུལ་དེང་དུས་ཟི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་དཀར་མཛེས་རྫོང་། ལྷོ་པ་ཤང་། ཕུག་ཡུལ་ནང་ཞེས་པའི་གྲོང་ཚོ་དུ་ཕ་ཟླ་བ་དོན་འགྲུབ་དང་། མ་དཔལ་བདེ་སྐྱིད་གཉིས་སུ་ ༡༩༨༤ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༧ ཡིན་འདུག་པ་དང་། ཁོང་གི་ནང་མི་ལྟ་བུ་ལ་ཆ་མཚོན་ན། ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་གྲྭ་ཚེ་རིང་འགྱུར་མེད་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ཚེས་ ༡༨ ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་དཀར་མཛེས་མི་མང་གིས་རྒྱ་གཞུང་ལ་ཞི་རྒོལ་སྐབས་ཁོང་རང་ཡང་མཉམ་ཞུགས་བྱས་རྐྱེན་དེའི་ཉིན་ནས་རང་ཁྱིམ་དུ་བསྡད་ཐབས་བྲལ་ཏེ་རི་ལ་ཡིབས་ནས་བསྡད་པ་དང། རྗེས་སུ་ཐབས་ཤེས་རིམ་པར་བརྒྱུད་རྒྱ་དམར་གྱི་ལག་ཏུ་མ་ཐེབས་པ་མཐར་བཙན་བྱོལ་དུ་ཡོང་ཐུབ་པ་བྱུང་འདུག།     དེ་བཞིན་ནང་མི་གཅིག་པའི་ཨ་ཁུ་རང་ལོ་ ༤༥ ཙམ་ཡིན་པ་རྩིས་ཚང་དགོན་གྱི་གྲྭ་བསོད་ནམས་ཉི་མ་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༤ པའི་ནང་རྒྱ་གཞུང་ནས་ཉེས་འཛུགས་འདྲ་མིན་གྱིས་རྩིས་ཚང་དགོན་ནས་འཛིན་བཟུང་བྱས་ཏེ་ཉིན་ཤས་རྗེས་སུ་གློད་གྲོལ་ཐོབ་པ་ཡོད་པ་རེད།

 

གྲྭ་བློ་དབྱངས་ནི།  དཀར་མཛེས་ལྷོ་པ་ཤང་།  རྩག་ལེགས་གྲོང་ཚོ་ནས་ཕ་ཐུབ་བསྟན་དང་།  མ་ཚེ་རྒྱན་སྒྲོལ་མ་གཉིས་སུ་ཕྱི་ལོ་༡༩༨༨  ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༣  ཡིན་པ་དང་།   གོང་གསལ་བཞིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་གྱིས་འཛིན་བཟུང་བྱས་ནས། ཟླ་ཤས་རྗེས་དུས་བཀག་བཙོན་འཇུག་ལོ་༣ གྱིས་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་གི་ནང་དུ་བཙོན་འཇུག་བྱས་ཡོད་འདུག། གནས་ཚུལ་འདི་སེར་བྱེས་ཏྲེ་ཧོར་དཀར་མཛེས་གྲྭ་པདྨ་ཚེ་དབང་གིས་མཁོ་སྤྲོད་གནང།

{jcomments on}

Share this:
༤༨ ཀློག་གྲངས།