འཇར་པན་མཚོ་འཁྱོམ་ས་ཡོམ་གྱི་གནས་ཚུལ་གསར་ཤོས།

 

དེ་རིང་ས་གནས་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་ཞེ་གྲངས་ཐོག་རིམ་པ་བརྒྱད་དང་ཚེགས་དགུའི་མཚོ་ཡོམ་ཆེན་པོ་ཞིག་འཇར་པན་དུ་བྱུང་ཡོད། ད་ལྟ་ཤི་གྲངས་མི་དྲུག་ཅུ་ལྷག་དང་། རྨས་གྲངས་ཉེས་བརྒྱ་བརྒལ་འདུག ད་ལྟ་རང་ང་ལ་རྒྱ་དགེ་བསྙེན་ཞིག་གི་ཕྲིན་ཐུང་འབྱོར་བར་百年未見ལོ་བརྒྱར་མཐོང་དཀོན་པ་ཞེས་བྲིས་འདུག ཐའེ་ཝན་གྱི་གསར་འགྱུར་ཁག་ཏུ་རི་པན་གྱི་ལོ་རྒྱུས་ཟིན་ཐོར་འཁོད་པའི་མཚོ་འཁྱོམ་ས་ཡོམ་ཨང་དང་པོ་དང་འཛམ་གླིང་གི་ཨང་ལྔ་བ་ཡིན་ཟེར་གྱི་འདུག ངོ་མ་ཆུ་རླབས་ཀྱིས་དེད་པའི་འཁོར་རིགས་དག་ནི་རིལ་མ་ཆུས་དེད་པ་དང་གཅིག་པ་རེད།

ས་ཁུལ་ཕལ་མོ་ཆེར་གློག་དང་འགྲུལ་ལམ་མཚམས་ཆད་པས་རྒྱལ་ཁབ་གཞན་ནས་ཁ་པར་བཏང་བ་ཡང་ལེན་མཁན་མེད་པར་ཕྱི་འབྲེལ་ལས་ཁང་སོ་སོས་སོ་སོའི་མིར་བདག་པོ་བརྒྱག་རྒྱུར་ཡང་དཀའ་ངལ་འཕྲད་མུས་རེད། ད་ལྟ་མཚན་མོར་སོང་ཡོད་ཀྱང་ས་ཁུལ་ཁ་ཤས་ལ་མེ་ཆེན་པོ་འབར་བཞིན་འདུག་ལ་ཚོད་འཛིན་ཡང་ཐུབ་ཀྱི་མི་འདུག ཕལ་ཆེར་སྣུམ་མཛོད་མིན་ནམ་སྙམ། ད་ཐེངས་ཀྱི་མཚོ་ཡོམ་འདིའི་ཤུགས་རྐྱེན་གཅིག་བྱས་ན་ཐའེ་ཝན་ལ་ཡང་ཡོང་སྲིད་པ་རེད་ཟེར་གྱི་འདུག མཚོ་རླབས་ཀྱི་རྒྱངས་སྐྱོད་དེ་ཆུ་ཚོད་ཁ་ཤས་ཀྱི་ནང་ལ་ཐའེ་ཝན་དུ་སླེབས་ཀྱི་རེད། དེ་བཞིན་ཉེ་དུས་རང་ལ་ཧྥི་ལི་པེན་ལ་མེ་རི་འབར་གས་དང་ཁར་རྩང་རང་ལ་རྒྱ་ནག་ཏུ་ས་ཡོམ་བྱུང་བ་སོགས་ཞི་བདེ་རྒྱ་མཚོ་མི་བདེ་རྒྱ་མཚོར་འགྱུར་བཞིན་པའི་དུས་མཚུངས་ཀྱི་གནད་དོན་འདི་ལ་དོན་གྱི་ཐོག་འབྲེལ་བ་ཡོད་མེད་ཐའེ་ཝན་གྱི་ཆེད་ལས་པས་དཔྱད་ཞིབ་བྱེད་བཞིན་འདུག

རྒྱ་ནག་དང་བོད་ནང་གི་ཐེངས་སྔ་ཕྱིའི་ས་ཡོམ་དང་བསྡུར་ན་མི་ཤི་གྲངས་ཤིན་ཏུ་ཉུང་ཉུང་རེད། ཁོང་ཚོའི་སྔོན་བརྡ་དང་།

གསར་འགྱུར་ལས་སྒྲུབ་རུ་ཁག་གིས་ཡུལ་ས་རང་དུ་འགུལ་སྐྱོད་རྒྱག་བཞིན་པའི་གནས་ཚུལ་ཐད་གཏོང་བྱེད་པ། ཁང་པའི་བརྟན་ཆ་སོགས་ཧ་ལས་པ་རེད་བཞག ད་ལྟ་རང་ལ་དྲ་ལམ་ནས་རྒྱ་ནག་སྐམ་སའི་མི་ཞིག་གིས་ཀྱང་ང་ལ་འཇར་པན་གྱི་ཁང་པའི་བརྟན་ཆ་སོགས་ཧ་ལས་ཡོད་པའི་སྐད་ཆ་བཤད་སོང་། ཁོས་བཤད་རྒྱུར། གལ་ཏེ་རྒྱ་ནག་ཡིན་ན་ཁང་པ་ཚང་མ་སྡིབ་ནས་བདེ་ཐང་ཆགས་ཡོད་པ་དང་ད་ཆ་དམག་མིས་གྱང་རོ་བརྐོ་བཞིན་ཡོད་རྒྱུ་རེད་ཟེར།

དངོས་ཡོད་དེ་ལྟར་ཡིན་མིན་ལ་མ་ལྟོས་པར། ལྟས་ལྟས་ལ་རྒྱ་མཚོལ་ཁར་བུད་ནས་ཁྱིམ་དུ་ཁྱི་སྨྱོན་བཞིན་ས་རྒྱུག་རྡོ་རྒྱུག་གིས་ཁང་པ་ས་ཞིང་སྐྱེ་དངོས་འགྲུམ་འགྲུལ་མ་ལག་དང་བཅས་པ་དེད་ནས་འགྲོ་བཞིན་འདུག གལ་ཏེ་ཐེངས་འདིའི་ས་ཡོམ་རྒྱ་ནག་གི་ས་ཆ་ཞིག་ཏུ་བྱུང་བ་ཡིན་ན་མི་འབུམ་ཚོ་མང་པོ་ཤི་ཡོད་ས་རེད་སྙམ་པ་འདུག ཐེངས་འདིའི་ཞི་བདེ་རྒྱ་མཚོའི་གཡོ་འཁྱོམས་འདི་དག་ཐའེ་ཝན་ལ་ཡང་ཉེ་རུ་གཅར་བཞིན་ཡོད་ཚུལ་ད་ལྟ་བརྒྱུད་ལམ་དུ་བརྗོད་ཀྱིན་འདུག

ང་དང་སྡོད་ཁང་གཅིག་པའི་འཇར་པན་པ་དག་གིས་ཀྱང་མིག་མི་འཛུམ་པར་བརྙན་འཕྲིན་ངོས་ཀྱི་ཡ་ང་བའི་ཕ་ཡུལ་ལ་ཅེར་འདུག སྙིང་བརྗེ་བསམ་པ་ཞིག་རེད། ངའི་འཛིན་གྲོགས་གཞན་ཞིག་འཇར་པན་དུ་ལོག་ནས་འདིའི་གཟའ་ཉི་མར་ཚུར་ལོག་དགོས་ཀྱང་ད་ཆ་ངེས་བརྟན་ག་ལ་ཡོད། ངོ་མ་མི་རྟག་པ་ཟེར་བ་དེ་དྲན་དུ་འཇུག་གི་འདུག ད་ལྟ་ཐའེ་ཝན་གྱི་འཇར་པན་པ་མང་པོ་མང་པོ་དེ་དག་རང་གི་ཕ་ཡུལ་ལ་ལོག་ཆེད་ཐའེ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་བང་བསྒྲིགས་ནས་འདུག

འོན་ཀྱང་བྱ་ཐབས་ནི་གང་ཡོད།

ད་ལྟ་རང་ཞིན་ཧྭ་དྲ་བའི་ཐོག་ཏུ་རྒྱལ་སྤྱིའི་རྒྱ་མཚོའི་སྔོན་བརྡ་ཁང་གིས་ཐེངས་འདིའི་མཚོ་འཁྱོམ་གྱི་ཤུགས་རྐྱེན་རྒྱ་ནག་གི་ཡང་ཀྲེ་ཅང་སོགས་སུ་ཡོང་སྲིད་པ་བཤད་ཚུལ་བཀོད་འདུག ཚང་མས་རང་བྱུང་ཁམས་དང་མི་དང་མིའི་བར་གྱི་སེམས་ཐག་ཉེ་རུ་གཏོང་རོགས། ནུས་པ་གཅིག་ཏུ་དྲིལ་ནས་འཛམ་གླིང་གི་ཞི་བདེ་ལ་ལེགས་སྐྱེས་འབུལ་རོགས།

བྱམས་པ་དང་བརྩེ་བ་སྒོམས་རོགས།

Share this:
༧༦ ཀློག་གྲངས།