གསུང་འཕྲིན་རིན་པོ་ཆེ་དང་འབྲེལ་བའི་ལས་འཆར་ཚོགས་ཆུང་།

༸གོང་ས་མཆོག་གིས་གསུང་འཕྲིན་གནང་རྗེས། སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་སུ་བགྲོ་གླེང་དང་ཞུགས་མོལ་ཚོགས་འདུའི་སྐབས་སུ་གྲོས་འཆམ་བྱུང་བ་བཞིན། ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བསྐྱར་དུ་བཞེས་རོགས་ཞེས་གསོལ་འདེབས་ཞུས་ཡོད་ཀྱང། ༸གོང་ས་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ཞལ་བཞེས་གནང་རྒྱུ་མིན་པའི་བཀའ་ཡིག་ཕེབས་པ་དང། དེ་བཞིན་ཚེས་༡༩ ཉིན་མང་ཚོགས་ལ་ཞལ་བཞེས་གནང་རྒྱུ་མིན་པའི་སྐོར་བཀའ་སློབ་ནན་པོ་ཕེབས་ཡོད་པར་བརྟེན། ད་ལྟ་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་གཙོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། མདོ་སྨད་སྤྱི་འཐུས་ལྷ་མོ་སྐྱབས་བཅས་བསྐོ་བཞག་གནང་ཡོད་པ་རེད།

ཟླ་འདིའི་ཚེས་༢༢ ཉིན་འདི་གའི་གསར་འགོད་པས་ཚོགས་ཆུང་ནང་ཕྱག་ལས་གནང་མཁན་ཚོགས་གཞོན་རྒྱ་རི་སྒྲོལ་མར་ཚོགས་ཆུང་དེའི་ཐོག་ནས་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་གསུང་དོན། “ང་ཚོ་བོད་པ་ནང་ཁུལ་དང་ཕྱིའི་མི་ཚོས་ཤེས་དགོས་པ་ཞིག་ནི། གྲོས་ཚོགས་ནས་༧གོང་ས་མཆོག་ལ་གསོལ་བ་བཏབ་པའི་བརྒྱུད་རིམ་དེ། སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་དམིགས་བསལ་ཚོགས་ཆེན་དང། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད། ལྷག་པར་དུ་སྤྱི་འཐུས་ལྷན་ཚོགས་སུ་མི་མང་དང་སྒྲིག་འཛུགས་ཁག་མང་པོ་ཞིག་གིས་ཡི་གེ་བཏང་བ་སོགས་གཞིར་བཞག་དུས། ང་ཚོའི་ལས་འགན་ཆེ་ཤོས་དེ་༸གོང་ས་མཆོག་ལ་གསོལ་བ་འདེབས་རྒྱུ་དེ་ཆགས་ཡོད་པ་རེད། གསོལ་འདེབས་ཀྱི་ཟིན་བྲིས་དེའང་སྤྱི་འཐུས་རྣམས་ཞུགས་མོལ་གྱི་ཚོགས་འདུ་འཚོགས་ནས་ཐག་བཅད་པ་རེད། ཞུགས་མོལ་ཚོགས་འདུའི་སྐབས་སུ་ཚོགས་ཆུང་རེ་རེ་བཟོས་ནས་བཀའ་བསྡུར་རིམ་བརྒྱུད་བྱས་པ་རེད། དེ་ནས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་ནས། ང་ཚོའི་གསོལ་འདེབས་དེ་ཞལ་བཞེས་གནང་ཐུབ་ཀྱི་མི་འདུག་ཅེས་མར་བཀའ་ཕེབས་པ་རེད”ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན། “ཚེས་༡༩ ཉིན་མོ་དེར་༸གོང་ས་མཆོག་གིས་སླར་ཡང་མང་ཚོགས་འཛོམས་སར་བཀའ་སློབ་ཟབ་རྒྱས་ཤིག་ཐུགས་ཐག་ཆོད་པོའི་ཐོག་ནས་ཕེབས་པ་རེད། དེ་ནས་སྤྱི་འཐུས་ལྷན་ཚོགས་དང། ད་ལྟའི་བཀའ་ཤག་གཉིས་ཀས་འགན་ཁྱེར་ནས། ཚེས་༢༠ ཉིན་ཞུགས་མོལ་ཚོགས་འདུ་འཚོགས་པ་རེད། དེའི་མཇུག་འབྲས་དེ་གྲོས་ཚོགས་སུ་སྤྱི་མོས་ཀྱིས་གཏན་ལ་ཕབ་ནས། དང་པོ་ང་ཚོས་ལས་འཆར་ཞིག་བསྒྲིགས། དེ་ནས་ལས་དོན་ལག་བསྟར་གནང་ཕྱོགས་ག་འདྲ་རེད་འདུག་ཅེས་གསུངས་པ་རེད། གྲོས་ཚོགས་སུ་འགའ་ཤས་ཀྱིས་ཟིན་བྲིས་རྒྱག་དགོས་ཀྱི་འདུག་གསུངས་པ་དང། ཡང་ལ་ལས་ཚོགས་ཆེན་འཚོག་དགོས་ཀྱི་རེད་ཟེར་བ་དང། ཡང་མི་མང་ལ་མར་གོ་བསྡུར་གནང་དགོས་ཀྱི་འདུག་ཟེར་བ་སོགས། བསམ་ཚུལ་ཚང་མ་སླེབས་ཐུབ་པ་གནང་ནས། གྲོས་ཚོགས་སུ་༸གོང་ས་མཆོག་གི་གསུང་འཕྲིན་ཇི་ཕེབས་ལ་ལག་བསྟར་བྱེད་ཕྱོགས་ག་འདྲ་ཡིན་མིན་བང་སྒྲིག་དགོས་ཞེས་བཀའ་གནང་བ་གཞིར་བཟུང། ང་ཚོའི་ལས་འཆར་ཚོགས་ཆུང་གི་ངོས་ནས་བཅའ་ཁྲིམས་ནང་ལའང་བསྐྱར་བཅོས་གང་དང་གང་དགོས་པ་དང། བཀའ་བསྡུར་གནང་ནས་ཐག་གཅོད་གནང་དགོས་ས་ག་འདྲ་ཡོད་མེད། གང་ཐུབ་ཐུབ་ཞིབ་ཚགས་པོའི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོའི་ལས་འཆར་ཚོགས་ཆུང་གིས་ལས་འཆར་དེ་གྲོས་ཚོགས་སུ་ཚེས་༢༣ ཉིན་ཕར་ཕུལ་ནས། དེའི་ཐོག་ལ་སྤྱི་འཐུས་རྣམ་པ་ཚོས་བགྲོ་གླེང་དང་བསྐྱར་ཞིབ། རྒྱབ་གཉེར་གནང་དགོས་པའི་རིགས་གདམ་ཁ་འགའ་ཤས་ཕུལ་ཡོད་པ་རེད། དེའི་ནང་ནས་མང་བ་དེ་གྲོས་ཚོགས་ནང་བགྲོ་གླེང་བྱས་ཏེ་གཏན་འབེབས་གནང་དགོས་པ་ཆགས་ཡོད་པ་རེད། གྲོས་ཚོགས་སུ་བགྲོ་གླེང་སོགས་གྲུབ་པའི་རྗེས་ནས་ལས་དོན་གནང་ཕྱོགས་ག་འདྲ་ཡིན་མིན་གསལ་པོ་ཆགས་ཀྱི་རེད་དྲན་གྱི་འདུག་”ཅེས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་སོང༌༎

Share this:
༡༣ ཀློག་གྲངས།