《དུས་བཟང་གི་ལྷ་ས་》ཞེས་པའི་དཔེ་དེབ་དབུ་འབྱེད།

due_sang_lhasaཀྲུའུ་རུའེ་ཡིས་དཔེ་དེབ་དེའི་སྐོར་ངོ་སྤྲོད་གནང་དོན། རྒྱ་ནག་གཞུང་གིས་ད་བར་༡༩༥༩ སྔོན་ལ་བོད་ཟེར་བ་དེ་ཆེས་མུན་ནག་དང། ཆེས་གདུག་རྩུབ། ཆེས་རྗེས་ལུས། ཆེས་ཀླ་ཀློའི་སྤྱི་ཚོགས་ཤིག་རེད་ཅེས་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད། ང་རང་དངོས་སུ་བོད་ལ་སོང་ནས་འཚོ་བཞུགས་ཡོད་པའི་སྐུ་དྲག་ཚོ་ལ་འབྲེལ་བ་དང་རྒྱུས་ལོན་བྱས་དུས། དོན་ངོ་མའི་བོད་ཀྱི་སྐུ་དྲག་རིམ་པ་འདི་ནི་བོད་ཀྱི་རིག་གཞུང་མཚོན་པའི་རིམ་པ་ཞིག་རེད། རིག་གཞུང་དེ་ག་འདྲ་ཞིག་རེད་ཟེར་ན། བྱམས་བརྩེ་ལྡན་པ་དང། ཤེས་རབ་དང་ལྡན་པ། ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད། སྐུ་དྲག་ཟེར་བ་དེ་མི་གཅིག་གཉིས་དང། མི་རབས་གཅིག་གཉིས་ཙམ་མ་རེད། མི་རབས་མང་པོ་ནས་བརྒྱུད་པའི་རིམ་པ་ཞིག་རེད། སྐུ་དྲག་གི་རིམ་པ་ཡོད་པ་དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། བོད་ཀྱི་སྤྱི་ཚོགས་དེ་ཧ་ཅང་བདེ་འཇགས་ཡིན་པར་མཚོན་གྱི་ཡོད་པ་རེད།

 

རྒྱ་ནག་གི་སྤྱི་ཚོགས་ནང་སྐུ་དྲག་ཟེར་བ་ཡོད་མ་རེད། ཉི་མ་གཅིག་གི་རིང་ལ་འབྱོར་ལྡན་ཆགས་པ་དང། ཁྲིམས་འགལ་གྱི་ལས་ཀ་བྱས་ནས་ཧོབ་སྟེ་ཕྱུག་པོ་ཆགས་པ་དེ་འདྲ་མ་གཏོགས་ཡོད་མ་རེད། རྒྱ་ནག་གི་ལོ་རྒྱུས་ཐོག་མི་མང་དང་གཞུང་གི་བར་ལ་རྩོད་པ་བྱུང་ནས་ག་དུས་ཡིན་ཡང་བདེ་འཇགས་མེད་པའི་གནས་སྟངས་ཤིག་རེད། དེར་བརྟེན་ལོ་རྒྱུས་སྨྲ་བ་ཚོས་འཛམ་གླིང་སྟེང་རྒྱ་ནག་དེ་མི་མང་གིས་གཞུང་ལ་ངོ་རྒོལ་བྱས་པ་མང་ཤོས་དེ་ཆགས་ཀྱི་ཡོད་པ་རེད་ཅེས་དང། བོད་དེ་ཆབ་སྲིད་གཅིག་པུ་ཙམ་མ་ཟད། ལོ་རྒྱུས་དང། གོམས་གཤིས། ཐ་ན་གླུ་གཞས་སོགས་ཀྱི་ཐོག་ནས་རང་བཙན་ཡིན་པ་དང། རྒྱ་ནག་དང་ཁྱད་པར་ཆེན་པོ་ཡོད་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང།

 

《དུས་བཟང་གི་ལྷ་ས་》ཞེས་པའི་རྒྱ་ཡིག་ཐོག་བྲིས་པའི་དཔེ་དེབ་དེ་ཉིད་འབྲི་བར་ལོ་བཅུ་ཙམ་གྱི་རིང་ལ་བོད་ནང་གི་སྐུ་དྲག་གི་རྒྱུད་པ་དང། ཞིང་པ་དང་འབྲོག་པའི་འཚོ་བར་དངོས་སུ་ཞུགས་ནས་མི་སྣ་རིམ་པར་རྒྱུས་ལོན་དང་སྐད་ཆ་བཤད་ནས། མཐར་མི་སྣ་གཙོ་བོ་དབྱངས་འཛོམས་ཚེ་རིང་གི་ལོ་རྒྱུས་དང་འབྲེལ་བའི་ཕྱི་ལོ་༡༨༨༠ ནས་༡༩༦༠ བར་གྱི་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་མཚོན་པར་བྱས་ཡོད་པ་རེད། དེབ་དེའི་ནང་གི་མི་སྣ་གཙོ་བོ་རྣམས་དངོས་མིང་རང་ཡིན་པ་མ་ཟད། བརྩམས་སྒྲུང་ལྟ་བུ་མིན་པར་ལོ་རྒྱུས་དངོས་ལ་གཞི་བཅོལ་ནས་བྲིས་པ་ཞིག་ཡིན་འདུག །

{jcomments on}

Share this:
༢༤ ཀློག་གྲངས།