སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ཧྲིལ་པོ་༢༥ འཁོར་བ།

ཟླ་འདིའི་ཚེས་༦ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་དང། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་དང་དྲུང་ཆེ་ཁག་ཅིག།བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་གཙོས་པའི་ཉེ་འཁོར་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན། འབྲེལ་ཡོད་ས་གནས་ཀྱི་ལས་བྱེད་དང་སུ་ཇཱ་སློབ་ཕྲུག་ཟུར་པ་སོགས་སྐུ་མགྲོན་ཕོན་ཆེན་འཛོམས་འདུག།

དང་ཐོག་སློབ་གྲྭའི་དབུ་འཛིན་དངོས་གྲུབ་དབང་འདུས་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་དང་། དེ་ནས་ལས་བྱེད་དང་དགེ་རྒན་དང་ཞབས་ལོ་༢༥ དང་༢༠ ཧྲིལ་པོ་འཁོར་བ་ཚོར་གཟེངས་རྟགས་གནང་སོང། དེ་ནས་སློབ་མ་གཉིས་ཀྱིས་གུང་སེང་དང་བསྟུན་ནས་བོད་སྐད་སྲུང་སྐྱོབ་ཀྱི་ཆེད་དུ་རྐང་འཁོར་ཞོན་ནས་ས་གནས་མང་པོར་སྐོར་བསྐྱོད་བྱས་པར་གཟེངས་རྟགས་གནང་རྗེས། སློབ་ཕྲུག་ཟུར་པ་ཚོས་མཛད་སྒོར་ཆེད་སྒྲིག་གནང་བའི་དཔེ་དེབ་དབུ་འབྱེད་སོགས་ཀྱི་ལས་རིམ་གྲུབ་རྗེས། བོད་ཁྱིམ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གསུང་དོན།

karmapa_at_suja01༧གོང་ས་མཆོག་གི་བཀའ་དྲིན་འོག་ནས་བོད་ནས་གསར་དུ་འབྱོར་བ་ཚོར་ཆེད་དམིགས་ཀྱིས་སློབ་གྲྭ་འདི་གསར་འཛུགས་གནང་ཡོད་པ་དང་། དང་ཐོག་བཀའ་ཤག་གི་ལྟ་སྐྱོང་འོག་ནས་འཛིན་སྐྱོང་བྱས་ཡོད་པ་རེད། ཕྱི་ལོ་༡༩༩༠ ལོར་བཀའ་ཤག་གིས་བོད་ཕྲུག་ཁྱིམ་སྡེར་སློབ་གྲྭ་འདི་འཛིན་སྐྱོང་གནང་དགོས་པའི་བཀའ་ཕེབས་པ་ལྟར་རྩིས་བཞེས་གནང་ཡོད་པ་རེད། སྐབས་དེར་རྒན་བསྟན་འཛིན་ལགས་ལ་དྭགས་ནས་རྒས་ཡོལ་ཕེབས་ཟིན་ནའང། སློབ་གྲྭ་འདི་ལ་དང་ཐོག་ཐུགས་འགན་བཞེས་རོགས་ཞེས་རེ་བ་བྱས་པ་ལྟར་ཁོང་གིས་ལྟ་སྐྱོང་གནང་བ་རེད། སྐབས་དེར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་ཀྱང་ཨ་མ་རྗེ་བཙུན་པད་མ་མཆོག་གི་ཐུགས་བསྐྱེད་བཟང་པོས། བོད་ཕྲུག་ཁྱིམ་སྡེའི་འོག་ནས་ཤར་བསྐྱོད་ཐུབ་པ་རེད། སློབ་གྲྭའི་ཁང་པ་གསར་རྒྱག་སྐབས་གཞིས་ཆགས་ཀྱི་མི་མང་གིས་ས་ཆ་མཁོ་འདོན་གནང་ཡོད་པ་སོགས་ཀྱིས། ད་ལྟའི་བར་སློབ་གྲྭ་འདི་ནས་ཁྱོན་སློབ་མ་༨༢༦༠ ལྷག་ཙམ་ཐོན་ཟིན་པ་དང་། དེ་དག་གི་ཁྲོད་ནས་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཕྱི་རྒྱལ་གྱི་ཚོགས་པ་ཁག་དང་སློབ་གྲྭ་བཅས་ཀྱི་ནང་། དགེ་རྒན་དང་གསར་འགྱུར་ལས་རིགས། རྩོམ་པ་པོ་སོགས་དེ་མིན་ལས་རིགས་གཉེར་མཁན་མང་པོ་བྱུང་ཡོད་ཅེས་གསུངས་སོང།

དེ་རྗེས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུང་བཤད་གནང་དོན། ང་ཚོས་སློབ་གྲྭ་ཟུར་འཛུགས་བྱེད་དགོས་པ་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཟང་སྤྱོད་རྒྱུན་འཛིན་མི་ཉམས་གནས་ཐབས། དེ་བཞིན་བོད་ཀྱི་རྩ་དོན་བསྒྲུབ་རྒྱུའི་ཆེད་དུ་ཡིན་པ་དང་། ང་ཚོ་བོད་པའི་སློབ་མ་ཚོས་སློབ་སྦྱོང་བྱེད་སྐབས་རང་བཙན་ཡོད་པའི་སློབ་མ་ཚོ་དང་མི་འདྲ་བའི་ཐོག་ནས་སློབ་སྦྱོང་གནང་དགོས་པ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་སུ་ཇཱར་ཡོད་པའི་སློབ་མ་ཚོས་སློབ་སྦྱོང་གནང་སྟངས་དེ། བཙན་བྱོལ་ནང་སྐྱེས་པ་ཚོ་དང་མི་འདྲ་བའི་ཐོག་ནས་ཤུགས་སྣོན་རྒྱག་དགོས་པ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག།གང་ཡིན་ཞེས་ན་ང་འདིར་སློབ་སྤྱི་བྱས་པའི་སྐབས། ངས་སློབ་མ་ཚོར་ཁྱེད་རང་འདིར་རྒྱ་གར་དུ་ག་འདྲ་བྱས་ནས་སླེབས་ཡོད་ཅེས་དྲིས་དུས། ལམ་བར་དུ་འཁྲིད་གླ་དངུལ་ཕོན་ཆེན་པོ་བཏང་ཡོད་པ་དང། དེ་བཞིན་ཕ་མ་ཚོས་རྒྱ་མིའི་བཙན་དབང་འོག་ཏུ་དཀའ་ལས་ག་ཚོད་རྒྱག་གི་ཡོད་མེད་ཁྱེད་རང་ཚོས་ཤེས་ཀྱི་ཡོད་པ་རེད། སློབ་གྲྭ་འདིར་ཚུད་ཆེད་དུ་སྣེ་ལེན་ཁང་དུ་ལོ་བསྐུངས་ནས་ཡོང་གི་ཡོད་པ་དང་། ལོ་ཆུང་དུ་བཏང་ནས་རྫུན་བཤད་པ་དེའང་ཟས་གོས་ཀྱི་ཆེད་དུ་མིན་པ་སློབ་གྲྭར་ཚུད་ཆེད་དུ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་འདིར་སླེབས་ཡོད་པ་ཚོས། བཙན་བྱོལ་ནང་སྐྱེས་པའི་སློབ་མ་ཚོ་དང་མི་འདྲ་བར་དམིགས་བསལ་གྱིས་ཤུགས་རྒྱག་དགོས་པ་ཞིག་མཐོང་གི་ཡོད།

དགེ་རྒན་དང་ལས་བྱེད་ཚོ་ཡིན་ནའང་ད་ལྟའི་བར་དུ་ཧུ་ཐག་གནང་ཡོད་པ་རེད། ད་དུང་ཡང་འདིར་ཡོད་བསྡད་པའི་སློབ་ཕྲུག་ཚོའི་ཆེད་དུ་དམིགས་བསལ་གྱིས་ཤུགས་སྣོན་རྒྱག་དགོས་པ་དང། སློབ་ཕྲུག་འདི་ཚོས་གནས་སྟངས་ག་འདྲ་ཞིག་གི་འོག་ནས་སློབ་སྦྱོང་ཆེད་དུ་ཡོང་ཡོད་པ་རེད། བཙན་བྱོལ་ནང་སྐྱེས་པ་ཚོ་ལྟར་ཆུང་དུས་ནས་སློབ་མ་འདི་ཚོར་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་དང་མེད། བོད་ནང་གནས་སྟངས་ག་འདྲ་ཞིག་གི་འོག་ནས་འདི་ཚོའི་ཕ་མ་དང་སྤུན་མཆེད་ཚོ་གནས་ཡོད་པ་རེད། གནས་སྟངས་དེ་དག་གཞིར་བཞག་ནས་སློབ་མ་འདི་ཚོར་བྱམས་སྙིང་རྗེ་དང་ཕན་སེམས་ཀྱི་ཐོག་ནས་སློབ་སྦྱོང་དང་ལྟ་སྐྱོང་གནང་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། གོང་དུ་སློབ་གྲྭའི་ལས་བསྡོམས་ནང་སློབ་གྲྭ་འདིའི་ནང་འཁྲུག་རྩོད་ཀྱི་རིགས་དང་བཟི་སྨན་སྤྱོད་མཁན་མེད་གསུངས་པ་དེ་ཞེ་དྲག་ཡག་པོ་རེད། སློབ་ཕྲུག་དང་དགེ་རྒན་ལས་བྱེད་ཚང་མས་དོ་སྣང་བྱས་པའི་དྲིན་གྱིས་ཡིན་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང། མ་འོངས་པའང་འཁྲུག་རྩོད་དང་བཟི་སྨན་སྤྱོད་མཁན་སློབ་མ་གཅིག་བྱུང་བ་ཡིན་ནའང་མང་དྲགས་པ་ཞིག་ཆགས་ཀྱི་ཡོད་པ་དང། སློབ་མ་ཚོའི་ངོས་ནས་སློབ་གྲྭའི་ནང་ལྟ་མཁན་ཞིག་ཡོད་དུས་ཚུལ་མཐུན་བྱས། ཕྱི་ལོག་དོན་པའི་སྐབས་གང་བྱུང་མང་བྱུང་བྱས་པ་ཡིན་ན་འགྲིག་གི་ཡོད་མ་རེད། སློབ་གྲྭ་ནས་དོན་ཚར་པའི་སྐབས་ལའང་སློབ་གྲྭ་འདིའི་སྐུ་ཚབ་དང་བོད་མི་ཞིག་གི་ངོ་བོའི་ཐོག་ནས་འགྲོ་ཡི་ཡོད་པས། གཅུན་མཁན་ཡོད་མེད་ལ་མ་ལྟོས་པར་ཚང་མས་གཟབ་གཟབ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཅེས་སོགས་གསུངས་སོང་།

karmapa_at_suja02དེ་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་སློབ་བསྩལ་དོན། མི་ལོ་༢༥ རིང་ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭས་བོད་མི་རིགས་ཀྱི་ཆོས་རིག་གི་ཆེད་དུ་མཛད་རྗེས་རྨད་དུ་བྱུང་བ་ཞིག་བཞག་ཡོད་པས། དེ་རིང་གི་ཉིན་མོ་འདིར་སྔ་ཕྱི་བར་གསུམ་དུ་ཐོན་པའི་སློབ་གྲྭ་འདིའི་དགེ་རྒན་དང་ལས་བྱེད། སློབ་མ་ཚང་མའི་བཀའ་དྲིན་རྗེས་དྲན་དང་བསྔགས་བརྗོད་ཞུ་འོས་པ་ཞིག་ཆགས་ཡོད་པ་རེད། ང་ཚོས་འདས་པའི་གནས་ཚུལ་ལ་ཕྱིར་མིག་བལྟས་ནས། སློབ་མ་ཚོས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ནས། སྙིང་སྟོབས་ཆེན་པོས་ཕུགས་རྒྱང་རིང་པོའི་འདུན་ལམ་གྱི་ཆེད་དུ་ཡོང་ཡོད་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ང་རང་སྒེར་གྱི་ངོས་ལ་ཆ་མཚོན་ན་སློབ་གྲྭ་འདི་ལ་དམིགས་བསལ་གྱིས་འབྲེལ་བ་ཞིག་ཆགས་ནས །ལྷག་བསམ་མཚོན་ཆེད་དུ་ཆུང་ཆུང་གི་རིགས་ཕན་ཐོགས་པ་ཞིག་ཞུ་ཡི་ཡོད་རེད་ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། ད་ལྟའི་དུས་ཚོད་འདི་བོད་མི་རིགས་འདི་འཆི་གསོན་གྱི་དུས་ལ་སླེབས་ཡོད་པ་དང། ལྷག་པར་དུ་བོད་ནང་འཚར་ལོངས་བྱུང་མཁན་བོད་མི་ན་གཞོན་ཚོ་ཡིན་ནའང་རེད། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་འཚར་ལོངས་བྱུང་མཁན་བོད་མི་ན་གཞོན་ཚོ་ཡིན་ནའང་འདྲ། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རང་གཤིས་བཟང་པོ་དེ་ག་ལེར་བརླག་འགྲོ་བའི་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད་པ་དང། མི་རིགས་ཤིག་གི་ཁྱད་ཆོས་དང་གཤིས་ཀ་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་ཡིག་བདག་པོ་རྒྱག་དགོས་རྒྱུ་དེ་གལ་ཆེན་པོ་རེད། སྐད་ཡིག་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་ཡང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས། རིག་གནས་དང་འཚོ་བའི་གོམས་སྲོལ། དཔལ་འབྱོར་གྱི་འགྲོ་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་ཉེན་ཁ་གཅིག་འཕྲད་ཀྱི་ཡོད་པ་རེད། དམིགས་བཀར་གྱི་ཆབ་སྲིད་ཐོག་ད་ལྟ་བོད་ནང་རྒྱ་ནག་གཞུང་གིས་སྲིད་ཇུས་འཛིན་སྟངས་དེ། བོད་ཀྱི་ཆོས་རིག་སྲུང་སྐྱོབ་ལ་ཕན་ཐོགས་དང་ཡར་རྒྱས་མེད་པ་མ་ཟད་གནོད་ཚབས་ཆེན་པོ་ཞེ་དྲག་ཡོང་གི་ཡོད་པ་དང་། འཇམ་རྩུབ་སྣ་ཚོགས། ཞི་དྲག་སྣ་ཚོགས། དངོས་ཤུགས་བརྒྱུད་གསུམ། བོད་མི་རིགས་རྒྱ་རིགས་ཅན་དུ་བསྒྱུར་རྒྱུའི་ཐབས་ཤེས་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད།

karmapa_at_suja03ཕྱིའི་རྐྱེན་ཙམ་མིན་པར་བོད་ནང་ཁུལ་དུའང་བོད་མི་རེ་ཟུང་གིས་བོད་སྐད་རྒྱག་རྒྱུ་ལ་ངོ་ཚ་དང་ཉམས་དམའ་པོ་མཐོང་བའི་དཀའ་ངལ་མཐོང་གི་ཡོད་ཚོད་འདུག།གལ་སྲིད་སྐད་ཡིག་ཉམས་རྒུད་སོང་བ་ཡིན་ན་བོད་མི་རིགས་ཀྱི་ཁོངས་མི་ཡོད་ཚད་བསྡེབས་གཅིག་ལ་ཤི་བ་དང་ཁྱད་པར་ཡོད་མ་རེད། སྐད་ཡིག་ཉམས་རྒུད་དེ་མི་རིགས་ཤིག་གི་ཉམས་རྒུད་ཆགས་ཡོད་པ་རེད། དེར་བརྟེན་ང་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་པ་རེད། སྲུང་སྐྱོབ་བྱེད་སྟངས་དེའང་སྣ་ཚོགས་ཡོད་པ་རེད། དཔེར་ན་བོད་ཡིག་བེད་སྤྱོད་སའི་ཁོར་ཡུག་རྒྱ་བསྐྱེད་གཏོང་ཐབས་དང་། དུས་དེབ་དང་ཚགས་པར། དེང་དུས་འཕྲུལ་རིགས་ཐོག་ནས་དྲ་རྒྱ་སོགས་བེད་སྤྱོད་ཐབས། བོད་སྐད་ཀྱི་ཐོག་ནས་དུས་རབས་ཀྱི་རྗེས་ཟིན་ཐབས། བོད་སྐད་མིང་ཚིག་བརྡ་ཆད་གསར་པ་ཚོ་ང་ཚོས་ཐུན་མོང་གི་ཐོག་ནས་བེད་སྤྱོད་ཡོང་ཐབས་སོགས། ང་ཚོ་ལས་འགན་མང་པོ་ཞིག་དང་ཛ་དྲག་པོའི་ལེགས་བཅོས་བྱེད་དགོས་པ་མང་པོ་ཆགས་ཀྱི་ཡོད་པ་རེད་ཅེས་སོགས་གསུངས་སོང་།

སུ་ཇཱ་བོད་ཁྱིམ་སློབ་གྲྭ་ལོ་༢༥ དུས་དྲན་གྱི་མཛད་སྒོ་འདི་དང་བསྟུན་ནས་ཉིན་གྲངས་གསུམ་རིང་རིག་གཞུང་འཁྲབ་སྟོན་དང་། རྩེད་སྣ་འགྲན་སྡུར། རིག་རྩལ་བགྲོ་གླེང་སོགས་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།།

{jcomments on}

Share this:
༧༡ ཀློག་གྲངས།