མི་བཟོད་པའི་མྱ་ངན་དང་སྡུག་བསྔལ་ཡོད་ཚད་མྱོང་བའི་འོག་ནས་རང་སྲུང་དང་མདུན་བསྐྱོད་བྱེད་ངེས་ཡིན།།ཡིད་ཁུང་ད

ཇི་ཙམ་དཔྱད་ཀྱང་དེ་ཙམ་གྱིས་ཡིད་ཆེས་དཀའ་བའི་ས་གཡོས་པའི་རྐྱེན་ངན་དེའི་འོག་དུ་སེམས་ཀྱི་གཏིང་

ནས་གཅེས་ཤིང་ཕངས་པའི་ཚེ་སྲོག་གི་རྒྱུ་བ་ཕྲ་མོ་སྐད་ཅིག་དེ་ཉིད་དུ་ཤོར་བ་དང་། བཟོད་དཀའ་བ་

དང་མནར་མེད་པའི་དཀའ་སྡུག་བརྒྱ་ཕྲག་རྒྱུན་རིང་དུ་མྱོང་ནས་རེ་ཐག་དང་ཚེ་སྲོག་གི་རྒྱུ་བ་ལྷན་དུ་

ཆད་པའི་གཤིན་པོ་རྣམས་ལ། ཡིད་སྐྱོ་བ་དང་ཡི་མུག་པའི་དོན་རྐྱེན་དེ་བྱུང་ནས་བགྲང་བྱ་གཅིག་

ཡོངས་སུ་འཁོར་བའི་ཉིན་མོ་འདིར། ངས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་རྣམ་པར་

དཀར་བའི་ཆ་ཤས་ཅུང་ཟད་རེ་མཆིས་སྲིད་ན་ཡོད་ཚད་ནས་ཡོད་ཚད་གཤིན་པོ་ཁྱེད་རྣམས་ཀྱི་གནས་

སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་རྒྱུ་རུ་བསྔོ་ཞིང་། ཡིད་ཁུང་དུ་ཆུད་ཅིང་། མགོ་བོ་ཐུར་

དུ་དུད་ནས་བཞི་བཅུ་བཞིའི་མྱ་ངན་དུས་དྲན་ལ་སྙིང་ཁུང་རུས་པའི་གཏིང་ནས་སྲུང་བརྩི་ཞུ།

ཡ་ང་དང་ཡི་མུག་པའི་གོད་ཆག་དང་ལྷན་དུ་ལུས་པའི་ས་གནས་མི་མང་ལ་འཁྲི་བའི་འགན་ངོ་མ་དེ་

ནི་རང་སྲུང་གསུམ་དང་མདུན་བསྐྱོད་བཞི་བྱེད་རྒྱུ་དེ་ཡིན། ཤུལ་དུ་ལུས་པའི་ས་གནས་མི་མང་གིས་

རང་ལ་འཁྲི་བའི་འགན་དེ་ངེས་པར་དུ་ཁུར་དགོས་ལ། ཁུར་ངེས་ཀྱང་ཡིན།

རང་གནས་རང་སྲུང་།

དཔོན་འབངས་དང་མཁས་བླུན་དབུལ་ཕྱུག་སུ་ཞིག་ཡིན་ཀྱང་རུང་། རང་ཉིད་ལ་བདག་པའི་ས་ཁྱོན་དེ་

རང་ཉིད་ཀྱི་བུ་རབས་ཚ་རྒྱུད་དང་བཅས་པའི་མ་འོངས་བདེ་སྐྱིད་ཀྱི་འཚོ་བའི་ཆེད་དུ་རང་སྲུང་

གཙང་མ་བྱེད་དགོས་པའི་འགན་འཁྲི་ཆ་ཚང་རང་ཉིད་ལ་ཡོད། ས་ཁྱོན་ནི་མི་རིགས་ཞིག་གི་ཚེ་སྲོག་

དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཁྱད་ནོར་ཞིག་ཀྱང་ཡིན། རང་སྲུང་བྱེད་ཐབས་ནི་རང་གནས་

སུ་རང་ཉིད་གནས་སྡོད་བྱེད་རྒྱུ་ལས་གཞན་ཅི་ཡང་མེད། ས་ཁྱོན་གྱི་ཁོར་ཡུག་གཙང་མ་དང་བསྲུང་

སྐྱབས་བྱེད་དགོས་པར་མ་ཟད་མཁའ་རླུང་དང་འབབ་ཆུ་སོགས་ཀྱང་གཙང་གནས་ཡོང་ཐབས་ལ་

འབད་བརྩོན་བྱེད་དགོས།

སྐད་ཡིག་རང་སྲུང་།

མི་རིགས་ཞིག་ལ་མཚོན་ན་སྐད་ཡིག་ནི་མེད་ཐབས་མེད་པའི་ཁྱད་ནོར་ཞིག་རེད་ལ། ཤན་འབྱེད་

བྱེད་ཀྱི་རྟགས་མཚན་ཞིག་ཀྱང་རེད། གྲང་ཉུང་མི་རིགས་ཞིག་ལ་མཚོན་ན་རང་གི་སྐད་ཡིག་རང་

སྲུང་བྱེད་དགོས་པའི་འགན་འཁྲི་ཡོད་ལ་དེ་བཞིན་ཐོབ་ཐང་ཡང་ཡོད། གོ་ལ་འདི་ཡི་སྟེང་དུ་ང་

ཚོའི་སྐད་ཡིག་ནི་ད་ལྟ་ཉེན་ལྡན་སྐད་ཡིག་ཞིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན་ང་ཚོས་རང་གི་

སྐད་ཡིག་སྐྱོབ་དགོས་པའི་དུས་ཚོད་ཡིན་ཞིང་། ང་ཚོ་ལ་སྐྱོབ་པའི་ནུས་པ་ཡོད་ལ་དེ་བཞིན་འགན་འཁྲི་

དང་ཐོབ་ཐང་ཡང་ཡོད། རང་སྲུང་བྱེད་ཐབས་ནི་རྒས་གཞོན་དང་མཐོ་དམན་ཕོ་མོ་དང་སྐྱ་སེར་

དབྱེར་མེད་ཀྱིས་རང་གི་ཉིན་རེའི་འཚོ་བའི་ལོངས་སྤྱོད་དེ་དག་བོད་སྐད་ཀྱི་ཐོག་ནས་བེད་སྤྱོད་བྱེད་

དགོས་པདང་། རྒས་གཞོན་བར་མའི་སྐྱེ་བོ་ཀུན་ལ་ཡིག་རྨོངས་སེལ་བའི་ལས་གཞི་ལག་བསྟར་བྱེད་

དགོས་ཤིང་། ལྷག་དོན་ས་གནས་སློབ་ཕྲུག་རྣམས་ལ་རང་གི་སྐད་ཡིག་ལ་ཆེ་མཐོངས་དང་གུས་བརྩི།

ཡིད་ཆེས་དང་དགའ་ཞེན་ཡོད་པ། འབྲི་ཀློག་སོགས་ལ་མངོན་པར་བྱང་ཆུབ་པ་ཞིག་བཟོ་རྒྱུ་ནི་སྐད་

ཡིག་རང་སྲུང་གི་གཞི་རྟེན་ཡིན། དེ་ནི་ས་གནས་སློབ་གྲྭའི་དགེ་རྒན་དང་ཕ་མའི་སློབ་གསོ་དང་

འགན་ཁུར་ལ་རགས་ལས་ཡོད། སློབ་ཕྲུག་ནར་སོན་པའི་ཚེ་རང་གི་སྐད་ཡིག་ལ་ཡིད་ཆེས་དང་ཆེ་

མཐོངས་རྒྱུན་གནས་ཡོང་བ་ལ་སྐད་ཡིག་རང་ངོས་ནས་དུས་རབས་དང་མཐུན་པའི་དགོས་མཁོའི་

བསླབ་བྱ་ཆ་ཚང་ལེན་རྒྱུ་ཡོད་པའི་ཆ་རྐྱེན་ཚང་དགོས། བོད་ཀྱི་སྐད་ཡིག་རྨིང་གཞི་བཙུགས་པའི་ཐོག་

ནས་སྐད་གཉིས་སློབ་གསོའི་ལམ་དུ་ང་ཚོའི་མི་རིགས་མི་རིགས་གཞན་དང་མཉམ་དུ་གོམ་པ་མཉམ་

སྤོ་དང་དཔུང་པ་མཉམ་གཤིབ་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད།

རང་གཤིས་རང་སྲུང་།

མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་མི་ཡོངས་ཀྱིས་མི་རབས་ནས་མི་རབས་རྒྱུད་མི་ལོ་བརྒྱ་ཕྲག་དུ་

མའི་རིང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཉིན་རེའི་འཚོ་བའི་ནང་ཚུལ་བཞིན་

ལག་ལེན་བསྟར་བའི་འབྲས་བཟང་། འཛམ་གླིང་ཤེས་ལྡན་ཀུན་གྱིས་ཡིད་སྨོན་ཤོར་བའི་གནས། ཆ་མི་

སྙོམས་པའི་སྤྱི་ཚོགས་ནང་དུ་ངེས་པ་དོན་གྱི་བདེ་སྐྱིད་ཀྱི་འཚོ་བའི་འབྱུང་གནས། ཡ་རབས་དང་སྤྱོད་

བཟང་སྟེ། དྲང་བདེན་དང་ཕན་སེམས། བརྩེ་སེམས་དང་བྱམས་སེམས། སྡོམ་སེམས་དང་བཟོད་སེམས། གུས་སེམསདང་སྙོམས་སེམས། ཁོག་ཡངས་ཤིང་ཕྱི་ཐག་རིང་བ། ཤེས་རྒྱ་དང་སྤྱི་སེམས་ཆེ་བ། འཇམ་པ་

གསལ་བ་དང་གསུང་པོར་སྨྲ་བ། ལྷད་མེད་ཀྱི་གུས་པ་དང་འཛུམ་པའི་རྣམ་འགྱུར་དེ་དག་ནི་ཕ་མེས་

ནས་རྒྱུད་པའི་རང་གཤིས་བཟང་པོ་ཡིན་ལ། དེ་དག་རང་སྲུང་བྱེད་ཐབས་ནི་ས་གནས་སློབ་ཕྲུག་

རྣམས་ལ་དགེ་རྒན་དང་ཕ་མས་དེ་དག་གི་སློབ་གསོ་དང་མི་དཔེ་བཟང་པོ་བསྟན་དགོས་པ་དང་།

ང་ཚོས་ཉིན་རེའི་འཚོ་བའི་ནང་དེ་དག་ངེས་པར་དུ་ལག་ལེན་བསྟར་དགོས་པ་འདི་ཡིན།

ནང་འདྲེན་མདུན་བསྐྱོད།

དུས་རབས་དང་མཐུན་པའི་དཔལ་ཡོན་ཡར་ཐོན་གྱི་དགོས་མཁོའི་བསླབ་བྱ་ཆ་ཚང་ལེན་རྒྱུ་མེད་པའི་

སྐད་ཡིག་དེ་སྤྱི་ཚོགས་ནང་ཡུན་གནས་བྱེད་ཐབས་ཤིན་ཏུ་དཀའ། དེར་བརྟེན་སྐད་ཡིག་གཞན་གྱི་ནང་

དུ་ཡོད་པའི་ཚན་རིག་དང་། ཆབ་སྲིད། ཁྲིམས་ལུགས། དཔལ་འབྱོར་རིག་གཞུང་སོགས་ང་ཚོའི་སྐད་

ཡིག་ནང་དུ་མེད་པའི་རིག་གཞུང་དེ་དག་ནང་འདྲེན་མདུན་བསྐྱོད་བྱེད་དགོས་པའི་དུས་ཚོད་ཡིན།

དེའི་འགན་འཁྲི་ནི་སྐད་གཉིས་ལམ་ལུགས་ཀྱི་སློབ་གསོ་ཐོབ་པའི་རང་རིགས་སློབ་ཐོན་པ་རྣམས་ལ་

ཡོད། འགན་དེ་ངེས་པར་དུ་ཁུར་དགོས་ལ། ཁུར་དགོས་པའི་དུས་ཚོད་ཀྱང་ཡིན། མདུན་བསྐྱོད་འདི་ནི་

སྐད་ཡིག་རང་སྲུང་དང་དཔལ་ཡོན་མདུན་བསྐྱོད་གཉིས་ཀྱི་གཞི་རྟེན་ཡང་ཡིན། བསྒྱུར་བྱའི་རིག་

གཞུང་དེའི་བརྗོད་བྱའི་གོ་རིམ་དང་ནང་དོན་ཆད་ལྷག་ནོར་གསུམ་མེད་པ་ཞིག་ཡོང་ཐབས་ཧུར་

བརྩོན་བྱེད་དགོས། སློབ་དེབ་གང་ཞིག་གསར་བསྐྲུན་བྱེད་པའི་ཚེ་ལྷག་ཆད་ནོར་གསུམ་མེད་པའི་ཐོག་

མ་དཔེ་ཇི་བཞིན་པར་བསྐྲུན་བྱེད་རྒྱུ་དེ་ནི་རིག་གཞུང་ཉམས་མེད་བདག་གཉེར་བྱེད་ཐབས་འཁྲུལ་

མེད་ཞིག་ཡིན། འདི་ནི་དཔེ་བསྐྲུན་འགན་འཛིན་ཡོད་ཚད་ཀྱིས་གཟབ་ནན་ངང་དག་འདོད་བྱེད་

དགོས་པའི་དོན་གནད་གལ་ཆེན་ཞིག་ཀྱང་ཡིན།

ཤེས་ཡོན་མདུན་བསྐྱོད།

སློབ་ཆུང་ནང་དུ་འབྲི་ཀློག་དང་དག་ཡིག་སུམ་རྟགས་ལེགས་བཤད་སོགས་ལ་མངོན་པར་བྱང་ཆུབ་

པའི་ཤེས་ཡོན་གྱི་གཞི་རྟེན་དང་། བཟང་སྤྱོད་ཀྱི་གཞི་རྟེན་སློབ་གསོ་དང་མིག་དཔེ་ཡང་བསྟན་དགོས།

ཕ་སྐད་ཐོག་ནས་སློབ་སྦྱོང་བྱས་པ་ཡིན་ན་ཤེས་ཡོན་གྱི་ཁྱབ་ཚད་ཆེ་བ་དང་འཕེལ་ཚད་མྱུར་བའི་ཁྱད་ཆོས་གཉིས་དང་ལྡན་ཡོད། དེར་བརྟེན་གཞི་རིམ་དང་མཐོ་རིམ་སློབ་གྲྭ་ཁག་གི་ནང་དུ་ཚན་རིག་དང་།

ཆབ་སྲིད། ཁྲིམས་ལུགས། རོལ་དབྱངས། དཔལ་འབྱོར་རིག་གཞུང་སོགས་ཀྱི་སློབ་དེབ་རང་གི་སྐད་ཡིག་

ཐོག་ཏུ་ཡོད་དགོས། དེ་ཡང་བཅུད་ལེན་གདམ་བསྒྲིགས་བྱས་ན་རྒྱུ་ཆ་ལེགས་པ་དང་ང་ཚོའི་རིག་

གཞུང་དུ་འགྱུར། དཔལ་ཡོན་མདུན་བསྐྱོད་ཀྱི་ལས་གཞི་དང་འབྲེལ་བའི་དེང་དུས་ཤེས་ཡོན་གྱི་

གནས་ཚད་ཚད་ལྡན་འོང་བའི་ཐབས་ལམ་ལ་འབད་བརྩོན་ཧུར་ཐག་བྱེདརྒྱུ། སློབ་ཕྲུག་ཚོས་སློབ་གྲྭ་

འགྲིམ་པའི་དམིགས་ཡུལ་གཙོ་བོ་དེ་རང་ཉིད་ཀྱི་བསམ་བློ་དང་སྤྱོད་ལམ་ལེགས་བཅོས་བྱེད་རྒྱུ་དེ་

གཟུང་དགོས་ལ། དགེ་རྒན་དང་ཕ་མས་ཀྱང་ཁྱེད་ཀྱིས་སློབ་གྲྭ་འགྲིམ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་

ཁྱེད་ཀྱི་བསམ་བློ་དང་སྤྱོད་ལམ་ལེགས་བཅོས་ཀྱི་ཆེད་དུ་ཡིན་པའི་སློབ་གསོ་དང་ལམ་སྟོན་གནང་

དགོས། དེ་བཞིན་ཀུན་སྤྱོད་རིག་པའི་སློབ་ཚན་དང་སློབ་དེབ་ཀྱང་ངེས་པར་དུ་ཡོད་དགོས།

བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཞིག་འཛུགས་བསྐྲུན་བྱེད་དགོས་ན་མི་མང་ལ་ཁྱད་ཆོས་བཞི་ལྡན་དགོས།

ཡ་རབས་སྤྱོད་བཟང་གི་གོམས་གཤིས་རྒྱུན་འཇགས་ཡོད་པ་དང་གཅིག

དཔལ་ཡོན་ཡར་ཐོན་གྱི་འཆར་འགོད་ལ་མཁས་པ་དང་གཉིས།

རླབས་ཆེན་གྱི་ལས་གཞི་ལག་བསྟར་བྱེད་པའི་སྤོབས་པ་དང་གསུམ།

རྒྱུད་རིམ་ལྡན་པའི་ངལ་རྩོལ་དགོས་པའི་ཆོད་སེམས་བརྟན་དང་བཞི་དགོས་པ་ཡིན།

དཔལ་ཡོན་མདུན་བསྐྱོད།

རང་ཉིད་ལ་བདག་པའི་ས་ཁྱོན་དེ་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་དང་བཅས་པའི་འཚོ་བའི་ཐོན་ཁུང་

འཛད་མེད་ཀྱི་གཏེར་མཛོད་ཞིག་ཏུ་ངོས་འཛིན་བྱེད་དགོས། དེ་ནི་རང་ཉིད་ལ་བདག་པའི་ས་ཁྱོན་ལ་

ཆེ་མཐོང་དང་གཅེས་འཛིན་འོང་བའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན། རོང་འབྲོག་གི་ཐོན་སྐྱེད་དེ་

དག་ལོངས་སུ་སྤྱད་པ་ཡིན་ན་རང་བྱུང་གི་ལུས་ཁམས་བདེ་ཐང་ཡོང་བའི་ཁྱད་ཆོས་ལྡན་ཡོད། རང་

བྱུང་མིན་པའི་བཟའ་གཏུང་ལ་ལོངས་སྤྱད་པ་ཡིན་ན་རང་བྱུང་གི་ལུས་ཁམས་བདེ་ཐང་ཡོང་ཐབས་

མེད། དེར་བརྟེན་རང་བྱུང་གི་ལུས་ཁམས་བདེ་ཐང་ཡོང་སླད་རང་བྱུང་མིན་པའི་བཟའ་གཏུང་ལ་

ལོངས་མི་སྤྱོད་པའི་རྟུལ་ཞུགས་འཛིན་དགོས། ལུས་ཁམས་བདེ་ཐང་གི་ཆེད་དུ་རང་བྱུང་གི་ཐོན་སྐྱེད་དེ་

དག་རྒྱུན་གནས་ཡོང་བའི་རང་སྲུང་ངེས་པར་དུ་བྱེད་དགོས། ཐོན་སྐྱེད་གང་ཞིག་ཡིན་ཀྱང་འགྲོ་བ་

མིའི་ངལ་རྩོལ་གྱི་རྒྱུད་རིམ་ཁྲོད་ནས་བྱུང་བ་ཞིག་ཡིན། དེར་བརྟེན་འབྲས་ལྡན་གྱི་ལྗོན་ཤིང་འཛུགས་

བསྐྲུན་དང་། སྔོན་མེད་ཚལ་ཞིང་གསར་འདེབསདང་། སྔར་མེད་འབྲས་ལྡན་གྱི་ཞིང་ལས་གསར་བསྟོད་

ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ་དང་། བཅུད་ལྡན་གྱི་ཕྱུར་མར་ཐུད་གསུམ། ཞོ་དང་འོ་མའི་ཐོན་སྐྱེད་

དེ་དག་གཙང་སྤུས་ལྡན་པའི་ཁེ་ལྡན་ལས་གཞི་གསར་བསྟོད་བྱེད་རྒྱུ། རོང་འབྲོག་གི་ཐོན་སྐྱེད་དེ་དག་

ནི་ཁོག་ཡུག་ལ་གཏོར་བཤིག་མི་ཐེབས་པ་དང་ལུས་ཁམས་ལ་འཕྲོད་བསྟེན་ལྡན་པའི་ཕུགས་རྒྱང་རིང་

པོའི་འཚོ་བའི་གཞི་རྟེན་ཡང་དག་པ་ཞིག་ཡིན། ཚོང་འགྲོས་ཀྱི་རྩིས་དང་བཟོ་རིགས་ལག་རྩལ་ཟབ་སྦྱོང་

བྱས་ཐོག་ཁེ་ལྡན་གྱི་ཚོང་ལས་དང་བཟོ་ལས་ཀྱི་ལས་གཞི་ལག་བསྟར་ངེས་པར་དུ་བྱེད་རྒྱུ།

ཐོབ་ལེན་མདུན་བསྐྱོད།

ལས་གཞི་གང་ཞིག་ཡིན་ཀྱང་ཁྲིམས་མཐུན་གྱི་ཐོག་ནས་ལག་བསྟར་བྱེད་རྒྱུ་དེ་ལས་དོན་དེའི་གྲུབ་

འབྲས་ཀྱི་གཞི་རྟེན་ཡིན། ཁྲིམས་མཐུན་གྱི་ལས་དོན་བསྒྲུབ་པ་ལ་ཁྲིམས་ལུགས་ཤེས་དགོས་པས་རྒྱལ་

ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི། ལྟ་གྲུབ་དང་ལངས་ཕྱོགས། ལྷག་དོན་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ཆ་

ནས་ཐོབ་ཐང་གང་ཡོད་དང་། གྲང་ཉུང་མི་རིགས་ཞིག་ཡིན་པའི་ཆ་ནས་ཐོབ་ཐང་གང་ཡོད་འཁོད་

པའི་ལེ་ཚན་དེ་དག་མཐིལ་ཕྱིན་སྦྱང་བརྩོན་བྱེད་དགོས། ས་གནས་བདག་གཉེར་དང་། སྐད་ཡིག་རང་སྲུང་། རང་གཤིས་རང་སྲུང་། རིག་གནས་ནང་འདྲེན་དང་མདུན་བསྐྱོད། དཔལ་

ཡོན་མདུན་བསྐྱོད་ཀྱི་ལས་གཞི་གང་ཞིག་ཡིན་ཀྱང་ཁྲིམས་མཐུན་གྱི་ཐོག་ནས་ལག་བསྟར་བྱེད་རྒྱུ་

ནི་ལས་དོན་དེ་དག་གི་གྲུབ་འབྲས་ཀྱི་གཞི་རྟེན་ཡིན། རྩ་ཁྲིམས་ནང་འཁོད་ལྟར་ཐོབ་ཐང་གང་ཡོད་

རང་ཉིད་ཀྱིས་ལོངས་སུ་སྤྱོད་ཐུབ་ན་ཐོབ་ལེན་མདུན་བསྐྱོད་ཀྱི་བྱ་བ་ཡོངས་སུ་རྫོགས་པ་ཡིན།

མཐོ་སྒང་བསིལ་ལྡན་ལྗོངས་ཀྱི་བཀོད་པ་ནི།།

མ་བྲིས་བྲིས་པ་བཞིན་དུ་ཡིད་ལ་བཀྲ།།

དབྱངས་གསལ་སོ་བཞི་རི་དྭགས་མིག་ཅན་མ།།

འདྲིས་འདྲིས་སེམས་ཀྱི་དུང་བ་ཁྱོད་ལ་ཟབ།།

༢༠༡༡   ༤    ༡༤    ཞོགས་པའི  ༧   ༤༩   ཉིན།།

 

Share this:
༡༢༤ ཀློག་གྲངས།