སྦེལ་ཀོབ་གཞིས་ཆགས་སུ་ཞིང་ཁའི་བདག་དབང་གི་དཀའ་ངལ།

ཟླ་འདིའི་ཚེས་༡༢  ཉིན་གསར་འགོད་པ་ས་གནས་ཀྱི་གྲོང་སྡེའི་བརྒྱ་དཔོན་གསར་རྙིང་གཉིས་དང་འབྲེལ་ཡོད་མི་སྣར་ཐུག་འཕྲད་དང་གནས་ཚུལ་རྒྱུས་ལོན་ཆེད་དུ་ཕྱིན་པ་ཡིན་མོད། མངོན་གསལ་གྱིས་དཀའ་ངལ་ཤོད་མཁན་དེ་ཙམ་མི་འདུག ༢༠༠༧ ལོ་ཙམ་ནས་རྒྱ་གར་ཡུལ་མིས་གྷན་དྷེ་ན་གྷར་ཅེས་པའི་འཕགས་བོད་ཡུལ་མིའི་ཞིང་སའི་ས་མཚམས་ནས་ཟམ་པ་གསར་རྒྱག་དང་། ཞིང་ཆུ་ཁ་བསྒྱུར་སོགས་བྱས་པ་བརྒྱུད་ཞིང་ས་ཧམ་ཟ་བྱེད་ཐབས་བྱས་ཡོད་འདུག་ན་ཡང་། སྐབས་དེའི་བརྒྱ་དཔོན་དང་ས་གནས་འགོ་འཛིན་བཅས་ཀྱི་གདོང་ལེན་གྱིས་དེ་ཙམ་སྐྱོན་ཆེན་པོ་བྱུང་ཡོད་མི་འདུག

ཡིན་ནའང་། འདི་ལོའི་ཕྱི་ཟླ་༢ པའི་ཟླ་མཇུག་དང་༣ པའི་ཚེས་ཤར་ལ་ཡང་བསྐྱར་སྔར་གྱི་ས་མཚམས་དེ་ནས་བོད་མིའི་ཞིང་ཁའི་ནང་རྒྱ་གར་ཡུལ་མིས་ལམ་ཞེང་ཕི་ཊི་༤༠ ཅན་གྱི་ལམ་ཁ་གསར་བཏོད་བྱས་ནས་ས་ཞིང་ཨེ་ཀར་མང་པོ་འཕྲེད་བཅད་བྱས་ཡོད་འདུག་ལ། གནས་ཚུལ་དེའི་རྐྱེན་གྱིས་བརྒྱ་དཔོན་དང་ཞིང་བདག་བཅས་ཀྱིས་ས་གནས་འགོ་འཛིན་ལ་སྙན་སེང་ཞུས་སྐབས། རྒྱ་གར་བ་ཚོས་ཁོང་ཚོར་ས་གནས་འབྲེལ་ཡོད་ལས་ཁང་ནས་ཆོག་མཆན་ཡོད་སྐོར་བཤད་ཡོད་འདུག་ནའང་། ཁོང་ཚོར་ཁྲིམས་མཐུན་ཡིག་ཆ་སོགས་གང་ཡང་སྟོན་རྒྱུ་མེད་པས་ལམ་བཟོ་གནས་སྐབས་མཚམས་འཇོག་བྱེད་ཐུབ་ཙམ་བྱུང་ཡོད་པ་རེད་འདུག ས་གནས་འགོ་འཛིན་ལས་ཁང་གིས་ཧོན་སོར་འབྲེལ་ཡོད་ལས་ཁུངས་(A,C) ལ་ཟླ་སྔོན་མའི་ཚེས་༢༨ ཉིན་གནས་ཚུལ་སྙན་ཞུ་བྱས་ནས་གལ་ཏེ་བོད་པའི་ཞིང་ཁར་ལམ་བཟོའི་བཀའ་ཁྲོལ་བྱུང་ཡོད་ན་དེ་ལུགས་མོས་མཐུན་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག་ན་ཡང་། ད་དུང་(A,C) ལས་ཁུངས་ནས་ཐག་གཅོད་གང་ཡང་མ་བྱུང་བར་གནས་ཚུལ་དེ་མུར་ལུས་ཡོད་པ་རེད་འདུག

ས་གནས་འགོ་འཛིན་གྱིས་བོད་པའི་ཞིང་བདག་ཚོར་ཞིང་ཁ་དེར་སྔོན་མ་ལམ་ཁ་ཡོད་ན་དེ་ལ་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་གྲོང་སྡེའི་བརྒྱ་དཔོན་ཚོར་བཤད་ཡོད་འདུག་པ་དང་། བོད་མིའི་ཞིང་བདག་དང་གྲོང་སྡེའི་རྒྱུས་ཡོད་མི་སྣས་ཞིང་ཁ་དེར་སྔར་ནས་ལམ་ཁ་མེད་པ་དང། རྗེས་སུ་ཡང་ལམ་ཁ་གསར་བཏོད་བྱེད་འཇུག་ཐབས་མེད་པས། ཞིང་ཁའི་ནང་ལམ་ཁ་ཡོད་མེད་འབྲེལ་ཡོད་རྒྱ་བོད་གཉིས་ཀྱི་ལས་ཁང་ཁག་གི་རྩ་འཛིན་ཡིག་ཆ་དང་ས་ཁྲར་ཞིབ་འཇུག་བྱེད་དགོས་པའི་བསམ་ཚུལ་གླེང་གི་ཡོད་པ་རེད།

གནས་ཚུལ་འདི་དག་གི་སྐོར་ལ་ལུགས་བསམ་ས་གནས་འགོ་འཛིན་མགོན་པོ་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་སྐབས།  ས་གནས་འགོ་འཛིན་གྱིས་གནས་ཚུལ་དེའི་སྐོར་ལ་ལན་འདེབས་བྱེད་རྒྱུའི་གྲ་སྒྲིག་མེད་ལ། གཞིས་ལས་ཁང་ལ་ཡང་འབྲེལ་ཡོད་རྩ་འཛིན་ཡིག་ཆ་གང་ཡོད་ཤེས་ཀྱི་མེད། ས་གནས་སུ་ས་ཁང་ཞིབ་འཇུག་ཚོགས་ཆུང་མེད་པས། ངས་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་སོགས་གང་ཡང་ཤེས་ཀྱི་མེད། ས་ཁྲ་དང་རྩ་འཛིན་ཡིག་ཆའི་སྐོར་ནང་སྲིད་ལས་ཁུངས་ཀྱི་བཀའ་ཁྲོལ་མེད་པར་གསར་འགོད་པར་ལན་འདེབས་བྱེད་ཆོག་གི་མ་རེད་ཅེས་བརྗོད་ནས། གཞིས་ལས་ཁང་གི་ལས་བསྡོམས་ནང་ས་ཁང་སྒྲིག་གཞིའི་སྐོར་གྱི་དཀའ་ངལ་ལས་བསྡོམས་སུ་བཀོད་དེ་འབུལ་རྒྱུ་ཡིན་པ་འདི་རེད་ཅེས་སྐྱོར་ཀློག་གིས་སྟོན་གྱི་འདུག 

ས་གནས་སུ་ས་ཁང་སྐོར་ལ་དཀའ་རྙོག་བྱུང་བའི་འགན་ཁུར་སུས་བྱེད་ཀྱི་ཡོད་མེད་དང་། ས་གནས་ལས་ཁང་གིས་འགན་ཁུར་གནང་གི་ཡོད་མེད་སྐོར་དྲིས་སྐབས། དྲི་བ་དེ་བོད་གཞུང་ལ་གཏོང་རྒྱུ་ཞིག་ཡིན་པ་ལས་ང་ལ་དྲི་བ་དེ་བཏང་མ་ཡོང་ཞེས་བརྗོད་སོང་།

གང་ལྟར་གྷོ་ལ་ཐ་ལའི་ཞིང་ཁའི་ནང་རྒྱ་གར་ཡུལ་མིས་ས་ཆ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་དེའི་སྐོར་ཐག་གཅོད་བྱེད་ཐབས་ལ་ས་གནས་འགོ་འཛིན་གྱིས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ཡག་པོ་མེད་པ་རྒྱུ་མཚན་དུ་བགྲངས་ནས་དེ་ཙམ་འགན་ཁུར་མེད་པའི་རྣམ་པ་སྟོན་གྱི་འདུག
སྤྱིར་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་བདག་གཅེས་དང་། བེད་སྤྱོད་བྱེད་ཕྱོགས་སྐོར་ལ་རྒྱ་གར་ཡུལ་མིའི་མཐོང་སྣང་ཡག་པོ་མེད་པ་དང་། ལོ་སྔོན་མའི་ཕྱི་ཟླ་བརྒྱད་པའི་ནང་༸གོང་ས་མཆོག་སྦེལ་ཀོབ་ཏུ་ཆིབས་བསྒྱུར་སྐབས་སྦེལ་ཀོབ་ས་གནས་རྒྱ་གར་གྲོང་བརྡལ་ལྷན་ཚོགས་ཀྱི་ཚོགས་གཙོ་མཱན་ནུ་manu ཡིས་འགོ་ཁྲིད་པའི་འཐུས་མི་ལྔ་དྲུག་གིས་བོད་མི་ཚོས་ཞིང་ས་བེད་སྤྱོད་བྱེད་ཀྱི་མེད་པ་དང་། རྒྱ་གར་ཡུལ་མིའི་ནང་ས་ཞིང་མེད་མཁན་མང་པོ་ཡོད་པར་བརྟེན། བོད་པའི་ས་ཞིང་ཨེ་ཀར་༤༠ རྒྱ་གར་ཡུལ་མིར་སྤྲོད་དགོས་པའི་སྙན་ཞུ་ཞིག་༸གོང་ས་མཆོག་ལ་འབུལ་རྒྱུ་ཡིན་སྐོར་སྦེལ་ཀོབ་ས་གནས་འགོ་འཛིན་རྣམ་གཉིས་ལ་བརྗོད་ཡོད་འདུག་ཅིང་། ས་གནས་འགོ་འཛིན་གཉིས་ནས་དེ་འདྲ་ཡོང་ཐབས་མེད་ཅེས་ཨུ་ཚུགས་མཐའ་སྐྱེལ་བྱས་མཐར་ཁོང་ཚོར་༸གོང་ས་མཆོག་ལ་མཇལ་ཁའི་གོ་སྐབས་ཙམ་ལས་སྙན་ཞུ་འབུལ་རྒྱུ་བཀག་འགོག་བྱེད་ཐུབ་ཡོད་པ་རེད་འདུག

དེ་བཞིན་མེ་སོར་(A,C) ལས་ཁང་ནས་གཞིས་ཆགས་ལས་ཁང་དུ་བོད་མི་རྣམས་ཀྱིས་ས་ཞིང་བེད་སྤྱོད་ཏག་ཏག་བྱེད་དགོས་པ་ལས། དེ་མིན་ས་སྟོང་བེད་མེད་བྱས་པ་དང་བེད་སྤྱོད་ཚུལ་བཞིན་མ་བྱས་ན་ས་ཞིང་ཕྱིར་ལེན་བྱ་རྒྱུ་ཡིན་སྐོར་གྱི་ཡི་གེ་ཡང་འབྱོར་ཡོད་པ་རེད་ཅེས་བདེ་སླར་ས་གནས་འགོ་འཛིན་གྱིས་བརྗོད་ཀྱི་འདུག

གང་ལྟར་བོད་མིས་ས་ཞིང་ཚུལ་བཞིན་བེད་སྤྱོད་བྱེད་མ་ཐུབ་པའམ། ས་ཞིང་ལ་བདག་གཅེས་ཡག་པོ་མ་བྱས་པའི་རྒྱུ་མཚན་གྱིས་རྒྱ་གར་ཡུལ་མིའི་མཐོང་སྣང་ལ་མི་འགྲོ་བ་དང་། ཐ་ན་ས་ཆ་རྒྱ་གར་ཡུལ་མིར་སྤྲོད་དགོས་པའི་བསམ་ཚུལ་དང་གླེང་སློང་ཆེན་པོ་འབྱུང་བཞིན་ཡོད་འདུག་ལ། གནས་ཚུལ་འདི་མུ་མཐུད་འདི་ལྟར་ལྷག་པ་ཡིན་ན། ནམ་ཞིག་བོད་མིའི་ཞིང་ས་རྒྱ་གར་ལ་ཕྱིར་སློག་བྱེད་དགོས་པའི་གནས་ཚུལ་འབྱུང་མི་སྲིད་པ་མིན་པའི་སྔོན་བརྡ་ཐོན་བཞིན་ཡོད་པ་འདི་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་རྣམས་ཀྱིས་དོ་ཁུར་བྱེད་དགོས་པའི་དུས་ལ་སླེབས་ཡོད་པའི་བསམ་ཚུལ་ཤོད་མཁན་འདུག །
མེ་སོར་གསར་འགོད་པས།

{jcomments on}

Share this:
༤༨ ཀློག་གྲངས།