ལོ་སྔོན་མའི་བཞི་གཅིག་བཞི་དང་དེ་རིང།

དོན་རྐྱེན་དེར་བོད་ཕྱི་ནང་གང་ས་ནས་གདུང་སེམས་མཉམ་སྐྱེད་ཀྱི་རོགས་རམ་དང་སེམས་གསོ་གང་མང་གནང་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་སྲིད་འཛིན་དང་སྲིད་བློན་གྱིས་དབུས་ཆབ་སྲིད་ཅུས་ཟེར་བའི་མི་སྣ་ཕལ་ཆེ་བ་ས་གནས་དེར་ཡོང་ནས་རོགས་རམ་བྱེད་བཞིན་པའི་རྣམ་འགྱུར་འཛམ་གླིང་གང་སར་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་དང་བོད་ཕྱི་ནང་གང་ས་ནས་རོགས་རམ་ཇི་ལྟར་གནང་མིན་ལ་མ་ལྟོས་པར་རྐྱེན་འདས་སུ་གྱུར་ཟིན་པ་རྣམས་བསྐྱར་དུ་སོས་ཐབས་མེད་ལ། ཁང་ཁྱིམ་དང་རྒྱུ་ནོར་ལོངས་སྤྱོད་ཀྱང་ད་དུང་སླར་གསོ་བྱེད་ཐུབ་མེད་པར་སྔར་བཞིན་དཀའ་སྡུག་གི་ནང་ནས་ཐར་མེད་པ་རེད།

རྒྱ་ནག་གཞུང་གིས་རོགས་རམ་གྱི་རྣམ་གྲངས་བགྲངས་པའི་སྐབས་བསྔགས་བརྗོད་འོས་པ་ཞིག་ཡོད་ཀྱང་དོན་དངོས་ཐོག་ས་གནས་ས་ཐོག་གི་དཀའ་ངལ་སེལ་མེད་པ་མ་ཟད། ད་དུང་སྒེར་གྱི་ས་ཆ་གཞུང་གིས་ཧམ་ལེན་བྱས་པ་སོགས་ལ་བརྟེན་ལོ་སྔོན་མའི་གོད་ཆག་ནང་དབང་པོ་སྐྱོན་ཅན་དུ་གྱུར་པ་ཚུན་ཆད་ཀྱིས་ལོ་གཅིག་སླེབས་ལ་ཉེ་བའི་དེ་རིང་རྒྱ་གཞུང་གི་བྱེད་སྟངས་ལ་ཡི་མ་རངས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་ཐུག་པ་རེད། དོན་དམ་པར་རྒྱ་གཞུང་གིས་ཡོམ་འགོག་གེགས་སེལ་གྱི་རོགས་རམ་རྒྱ་ཆེ་གཏིང་ཟབ་གང་མང་ཞིག་བྱས་དང་བྱེད་བཞིན་ཡོད་ཅེས། ཁ་གཡང་འཛམ་བུའི་གླིང་དུ་ཇི་ལྟར་བསྒྲགས་ཀྱང་དོན་དུ་དཔོན་རིགས་དང་སྲིད་གཞུང་གི་མཚན་སྙན་ཁྱབ་བསྒྲགས་གཏོང་བྱེད་ཙམ་ལས། དོན་དུ་གནོད་ཐེབས་མི་མང་ལ་ཕན་ངེས་ཀྱི་བྱ་བ་ཞིག་བསྒྲུབས་མེད་པ་མི་མང་འུ་ཐུག་ནས་ངོ་རྒོལ་བྱེད་བཞིན་པ་འདིས་ར་སྤྲོད་གསལ་པོ་བྱས་ཡོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ་དང། རོགས་རམ་གྱི་རྣམ་གྲངས་རྒྱ་ཆེ་ཆུང་གང་མང་ཞིག་དྷ་སར་རྟེན་གཞི་བྱས་པའི་བཞི་གཅིག་བཞི་ཡུལ་ཤུལ་གདུང་སེལ་ཚོགས་ཆུང་བརྒྱུད་ནས་ཕུལ་ཡོད་ཀྱང། གཞན་དབང་སྟབས་བསྟུན་གྱི་གནས་ཚུལ་མང་དག་ཅིག་ལ་བརྟེན་ནས་ཉེ་བའི་ཟླ་ཤས་སྔོན་ལ་ཞལ་འདེབས་བྱུང་བ་དེ་དག་གི་ཕྱེད་ཙམ་ལས་གནོད་ཐེབས་ས་ཁུལ་དུ་ཆ་ཚང་བརྒྱུུད་སྤྲོད་བྱེད་ཐུབ་མེད་པའི་གནས་ཚུལ་ཡོད་པ་དང། ད་ལྟའི་ཆར་ཡང་རྒྱ་གཞུང་གི་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་ས་གནས་སུ་རོགས་དངུལ་ཆ་ཚང་གཏོང་ཐུབ་ཡོད་མེད་དེ་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་པ་རེད། དེར་བརྟེན་བཙན་བྱོལ་ནང་ནས་རོགས་དངུལ་ཕུལ་བ་དེ་དག་ཀྱང་དངོས་སུ་དཀའ་ངལ་འཕྲད་པའི་ས་གནས་ཀྱི་མི་མང་ཚོའི་ལག་ཏུ་དུས་ཐོག་ཆར་པ་བཞིན་གཏོང་ཐུབ་མེད་པ་དང། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བར་ལམ་འགོར་འགྱང་མང་པོ་བྱེད་དགོས་བྱུང་ཡོད་པས་“བར་པ་སླེབས་དུས་རལ་པ་ཆད་”པའི་དཔེ་བཞིན་དུ་གྱུར་ཡོད་པ་རེད།

རོགས་རམ་གྱི་མིང་ཐོག་ནས་བྱས་པའི་རྣམ་གྲངས་རེ་ཟུང་ཞིག་ཕུགས་རྒྱང་རིང་པོ་ནས་བསམ་བློ་བཏང་ན་ཕན་ལས་གནོད་དུ་འགྱུར་སྲིད་པའང་བྱུང་ཡོད་ལ། དཔེར་ན་གནོན་ཐེབས་ས་ཁུལ་གྱི་བུ་ཕྲུག་གང་མང་ཞིག་རྒྱ་ནག་གི་ས་གནས་མང་པོ་ཞིག་གི་སློབ་གྲྭ་ཁག་ཏུ་ཁག་བགོས་བྱས་ནས་བཏང་ཡོད་པས། རྗེས་མ་བུ་ཕྲུག་དེ་དག་བོད་ཀྱི་སྐད་ཡིག་རིག་གནས་གཏན་ནས་མི་ཤེས་པའི་རྒྱ་ཕྲུག་ལྟ་བུ་ཁྱུ་གཅིག་ཏུ་འགྱུར་ངེས་ཡིན་པས་ས་གནས་སུ་མི་མང་པོ་ཞིག་གི་ཚེ་སྲོག་ཤོར། མི་མང་པོ་ཞིག་རྐང་ལག་སོགས་ལ་སྐྱོན་ཤོར་ནས་རང་ཁ་རང་གསོ་བྱེད་མི་ཐུབ་པའི་དབང་པོ་སྐྱོན་ཅན་ཆགས། ཤུལ་ལུས་བུ་ཕྲུག་མང་པོ་ཞིག་ཀྱང་རྒྱ་མིན་བོད་མིན་ཞིག་ཏུ་གྱུར་སོང་བ་ཡིན་ན་རོགས་རམ་གྱི་མིང་ཐོག་ནས་བྱས་པའི་རྣམ་གྲངས་འདི་ལྟ་བུའང་དོན་དུ་དཀའ་ངལ་ལྷག་མ་ཞིག་ཏུ་གྱུར་ཡོད་པ་རེད། དེ་བཞིན་བོད་ནང་དུ་རྒྱ་མི་དང་བོད་རིགས་ངོ་ཚ་མེད་པ་རེ་ཟུང་གིས་ཡུལ་ཤུལ་ལ་རོགས་རམ་བྱེད་པའི་མིང་ཐོག་ནས་ཞལ་འདེབས་བསྡུ་སློང་བྱས་ནས་ས་གནས་སུ་མ་སྤྲད་པར། རང་ཉིད་ཀྱིས་བར་ཟོས་བྱས་ནས་མི་མང་མགོ་སྐོར་བཏང་བའི་གནས་ཚུལ་ཡང་བྱུང་ཡོད། དེ་བཞིན་ས་གནས་སུ་རོགས་རམ་གྱི་མིང་ཐོག་ནས་སླེབས་པའི་རྒྱ་མི་ཁག་ཅིག་གིས་སྒོ་ཁྱི་ཡང་རྐུན་མ་བརྒྱབ་པའི་གནས་ཚུལ་བྱུང་བ་སོགས་མདོར་བསྡུས་ན་དཀའ་སེལ་ལ་ཕན་པ་ལྟ་ཅི་གནོད་དུ་གྱུར་པའང་མང་པོ་ཞིག་བྱུང་ཡོད།

ཕན་ཐོགས་ཆེ་ཤོས་ནི་བོད་ས་སྟོད་སྨད་ཀུན་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་གཙོ་བོར་གྱུར་པའི་བོད་མི་མང་པོ་ཞིག་ས་གནས་སུ་འབྱོར་ནས་མིའི་ཚེ་སྲོག་བསྐྱབས་པ་དང། རྒྱུ་ནོར་ལོངས་སྤྱོད་གང་མང་ཞིག་ཕངས་མེད་དུ་བཏང་ནས་ས་གནས་མི་མང་ལ་དཀའ་སེལ་རོགས་ཕན་བསྒྲུབས་པ། དེ་བཞིན་བླ་ཆེན་དང་གྲྭ་བཙུན་གང་མང་ཞིག་ས་གནས་དེར་ཕེབས་ནས་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཐོག་ཤི་བོ་ལ་ཆོས་སྦྱིན་དང་། གསོན་པོ་ལ་རོགས་རམ་རླབས་ཆེན་བསྒྲུབས་པ་ནི་ས་གནས་མི་མང་གི་སེམས་ངོ་ནས་དུས་ནམ་ཡང་ཡལ་ཐབས་མེད་པའི་རོགས་རམ་ཞིག་ཏུ་གྱུར་ཡོད་པ་དང། གནད་དོན་འདི་ལ་བརྟེན་ནས་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་དམ་ཟབ་ཡོད་པའི་བདེན་རྟགས་གསལ་སྟོན་བྱས་པ་སོགས། དགེ་འདུན་པ་ནི་དོན་གྱིས་སྤྱི་ཚོགས་ཞབས་ཞུ་དང་རང་དོན་བློས་གཏོང་བ་ཆེ་ཤོས་ཤིག་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད་པ་རེད།།

{jcomments on}

Share this:
༨༡ ཀློག་གྲངས།