རུལ་སུངས་ལ་ངོ་རྒོལ་གྱི་རང་དབང།

རྒྱ་གར་གཞུང་གིས་ཀྱང་དེ་ལ་དོ་སྣང་ཆེན་པོའི་ཐོག་ནས་ཐག་གཅོད་ཀྱི་ཕྱོགས་སུ་གོམ་པ་ཞིག་མི་སྤོ་ཀ་མེད་དུ་གྱུར་ཡོད་པ་དང།  གནས་སྟངས་འདིའི་ཐོག་ནས་ཤེས་ཐུབ་པ་ཞིག་ནི་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་སྲིན་དང་སྦལ་པ་ཉ་སྲམ་སོགས་འདྲ་མིན་མང་པོ་གནས་ཡོད་པ་ལྟར། རྒྱ་གར་གྱི་སྤྱི་ཚོགས་ཆེན་པོ་འདིའི་ནང་དུ་བྱ་བ་བཟང་ངན་སྣ་ཚོགས་བྱེད་མཁན་གྱི་དཔོན་རིགས་འཛམ་གླིང་སྤྱི་མཚུངས་ལྟར་ཡོད་པ་སྨྲོས་མེད་ཡིན་ནའང། གཞན་དང་མི་འདྲ་བ་ཞིག་ལ་རྒྱ་གར་ནང་རང་དབང་མང་གཙོའི་ཐོབ་ཐང་ཆ་ཚང་ཡོད་པར་བརྟེན། ལྐོག་ཟ་རུལ་སུངས་བྱེད་མཁན་རྣམས་ལ་དམངས་ཁྲོད་ནས་ངོ་རྒོལ་བྱེད་རྒྱུའི་སྤོབས་པ་དང་ཐོབ་ཐང་ཡོད་པ་ཙམ་དུ་མ་ཟད། ནུས་པ་ཐོན་པ་དེ་ཡང་ཧ་ཅང་གཟི་བརྗིད་ཅན་གྱི་སྤྱི་ཚོགས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད།

ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་གང་མང་ཞིག་རྒྱ་ནག་ནང་དུའང་དུས་རྒྱུན་ཐོན་བཞིན་ཡོད་མོད། དམངས་ཁྲོད་ནས་དེ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ལམ་ཁ་གཏན་ནས་མེད་པ་དང། ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་ལ་བརྟེན་ནས་ནག་ཉེས་ཕོག་པའི་དཔོན་རིགས་རྒྱ་ནག་ནང་བྱུང་ཡོད་ཀྱང། དེ་དག་ཀྱང་ཕལ་ཆེ་བ་དཔོན་རིགས་ནང་ཁུལ་གྱི་འགལ་ཟླ་ལ་བརྟེན་ནས་ནང་ཕན་ཚུན་གོ་ས་རྩོད་ལེན་སོགས་ལ་བརྟེན་ནས་བསམ་ངན་བྱས་པ་དང། སྐབས་རེ་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་ཟེར་བའི་འགན་ཁུར་མཁན་གཞུང་སེམས་ཅན་རེ་ཟུང་གིས་གཞུང་དོན་ཆེད་ཞིབ་བཤེར་བྱས་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཐེར་འདོན་བྱས་ནས་ཁྲིམས་ལ་སྦྱར་བའང་ཡོང་གི་ཡོད། མདོར་བསྡུས་ན་གཞུང་གིས་དཔོན་རིགས་ཚོས་གཞུང་དངུལ་ལྐོག་ཟ་དང། མི་མང་གི་རྒྱུ་ནོར་བཤུ་གཞོག་བྱས་པའི་གནས་ཚུལ་ཇི་སྙེད་ཅིག་ཐོན་བཞིན་ཡོད་ཀྱང། མི་མང་གི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ནས་ནུས་པ་ཐོན་མཁན་ཞིག་དང།  དེ་ལྟར་ནུས་པ་ཐོན་རྒྱུར་རེ་བ་དང་གོ་སྐབས་ད་ལྟའི་ཆར་གཏན་ནས་མེད། གལ་སྲིད་དེ་ལྟར་ངོ་རྒོལ་བྱེད་མཁན་ཞིག་བྱུང་ན་རྒྱ་དམར་གཞུང་ལ་ངོ་རྒོལ་དང་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཡིན་པའི་མ་ཉེས་ཁག་གཡོག་འོག་ནས་ཚེ་སྲོག་གི་ཉེན་ཁར་ཐུག་ཡོད། རྒྱ་ནག་གི་གནས་སྟངས་དང་རྒྱ་གར་གྱི་གནས་སྟངས་གཉིས་བསྡུར་ནས་བསམ་བློ་བཏང་དུས་རང་དབང་མང་གཙོའི་དགེ་མཚན་ལ་སེམས་གཏིང་ནས་དགའ་ཚོར་དང་དད་སེམས་སྐྱེ་འོས་པ་ཞིག་ཏུ་གྱུར་འདུག

བོད་ནང་ལ་ཆ་མཚོན་ན་རྒྱ་གཞུང་གི་དཔོན་རིགས་ཚོས་མངོན་ལྐོག་གང་རུང་ནས་མི་མང་ལ་གཉའ་ནོན་བཤུ་གཞོག་གི་ལས་ངན་ག་རེ་བྱས་ཀྱང། དེ་ལ་ཞུ་གཏུག་བྱས་ནས་གྲུབ་འབྲས་ཐོན་རྒྱུར་རེ་བ་རྒྱག་མཁན་དང་གོ་སྐབས་འཚོལ་མཁན་ཞིག་ཧ་ལམ་མེད། མི་མང་འ་ཆད་འུ་ཐུག་གི་གནས་ཚུལ་བྱུང་བའི་སྐབས་སུ་རེ་ཟུང་གིས་གྲི་དང་རྒྱུག་པ་བརྟེན་ནས་དཔོན་ངན་དག་ལ་འཁོན་ལན་སློག་ཐབས་བྱེད་པ་ལས། ཁྲིམས་གཏུག་དང་ཞི་རྒོལ་ལ་བརྟེན་ནས་རྒྱལ་ཁ་འཐོབ་ཐབས་བྱེད་རྒྱུའི་གོམས་གཤིས་དང་རེ་བ་མེད་པ་ནི། དུས་རྒྱུན་རྒྱ་གཞུང་གིས་མི་མང་ལ་རང་དབང་དང་བདེ་སྐྱིད་ཡོད་པའི་ཁ་གཡང་སྒྲོག་བཞིན་ཡོད་ཀྱང། དོན་དུ་དེ་ལས་ལྡོག་ནས་མི་མང་གི་བདེ་སྡུག་ཞུ་ཡུལ་གྱི་སྲིད་གཞུང་ཞིག་མེད་པར་བརྟེན། མི་མང་གི་ནང་དུའང་ཞི་རྒོལ་དང་ཞུ་གཏུག་བྱས་ནས་ནུས་པ་འཐོན་རྒྱུ་ཡོད་པ་ཞིག་ཏུ་ངོས་འཛིན་མི་བྱེད་པར། དཔོན་ངན་ཆེ་ཆུང་གང་མང་ཞིག་གིས་ལྐོག་ཟ་རུལ་སུངས་ཇི་ལྟར་བྱས་ཀྱང། མི་མང་གི་སེམས་ནང་དུ་འདོད་མོས་མེད་བཞིན་དུ་དེ་ནི་ཁོ་རང་ཚོའི་ཐོབ་ཐང་ལྟ་བུར་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད།

མདོར་བསྡུས་ན་མང་གཙོའི་སྤྱི་ཚོགས་ཚད་ལྡན་ཞིག་ཡིན་ན་དམངས་དོན་དང་རྒྱལ་དོན་ལ་སེམས་ཁུར་མི་བྱེད་པའི་དཔོན་ངན་རུལ་སུངས་ཅན་ཁག་ཅིག་ཐོན་སྲིད་ནའང། དེ་ལ་ངོ་རྒོལ་བྱེད་མཁན་དང་ཁྲིམས་ལུགས་ཀྱི་ཐོག་ནས་སྟངས་འཛིན་བྱེད་མཁན་གྱི་སྒྲིག་འཛུགས་ཀྱང་ཡོད་པས། མཐར་གཏུགས་ན་མང་གཙོའི་སྤྱི་ཚོགས་ནང་དབང་ཆ་ཆེ་ཤོས་དེ་མི་མང་གི་ལག་ཏུ་ཡོད་པ་གནས་སྟངས་འདིའི་ཐོག་ནས་གསལ་སྟོན་བྱས་ཡོད།།

Share this:
༤༥ ཀློག་གྲངས།