ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་བསམ་ཚུལ།

དཔེ་ཆུང་ངུའི་ཐོག་ནས་ཞུས་ན། ཞིང་འབྲོག་གི་ཁ་དཔེར། ལུ་གུ་ཚེ་མ་ཟད་ཙམ་དང༌། སྤྱང་ཀི་ཁ་མ་སྐྱེངས་ཙམ་ཟེར་བ་དེ་རེད། དབུ་མའི་ནང་དོན་དང་རྒྱ་དམར་གྱིས་སེམས་འཚབ་བྱེད་པ་སོགས་ཨ་རིའི་གཟེངས་རྟགས་བཞེས་དུས་ཀྱི་གསུང་མོལ་ནང་གསལ་པོ་གསུངས་པ་དེ་རང་ད་ཆ་རྒྱ་དམར་གྱིས་དང་ལེན་ཞུ་རྒྱུ་ཕར་བཞག ཚུར་སོ་བརྒྱབ་ནས་ཕྱི་ལོ་༡༩༥༩ ལོ་ནས་ཏཱ་ལའི་བླ་མར་བོད་སྐོར་སྐད་ཆ་བཤད་དབང་མེད་པའི་རྫིག་གཏམ་མ་རབས་མཐིལ་ཕྱིན་དེ་འདྲ་ཤོད་དུས་དབུ་མའི་ལམ་ལ་ཨུ་ཚུགས་རྒྱག་རྒྱུ་དེ་ནུས་མེད་སེམས་ཆུང་གི་སྐད་ཆར་བྱིན་སྟབས། དེ་ལས་ལྡོག་པའི་བྱ་སྤྱོད་དགོས་ལ་བྱེད་ཐུབ་པ་ཞིག་ཀྱང་དགོས་ངེས་ལ། ངའི་བསམ་པར་ྋགོང་ས་མཆོག་ནི་བོད་རྒྱལ་ཁབ་ཀྱི་གཙོ་བདག་བོད་མི་རིགས་ཀྱི་ཁྱད་འཕགས་གཙོ་འཛིན་ཞིག་ཡིན་ཙང༌། བོད་རིགས་ཀྱི་རྩ་བའི་ཁེ་ཕན་བློས་བཏང་མེད་ལ་གནང་མི་སྲིད་པ་ཞིག་ཡིན་པ་རྒྱ་བཙན་གྱིས་ཤེས་ནས་ཧམ་བཤད་སྨྱོ་གཏམ་གུང་ཁྲན་ཏང་གི་ཁེ་ཕན་ལས་སྲུང་རྒྱུ་མེད་པའི་གདོང་རིས་ངོ་མ་དམར་རྗེན་དུ་ཐོན་པ་རེད། དེ་ལ་ཡ་བྱེད་ཤག་ཀྱང་མེད་ལ་འབྲས་བུ་ཐོན་ཤག་ཀྱང་མེད། ད་ནི་ང་ཚོའི་རྩ་དོན་ང་ཚོ་བོད་མིས་ཟིན་བཞིན་པ་དང༌། ྋགོང་ས་མཆོག་ནས་བཀའ་དྲིན་སྐྱོང་བཞིན་པ་ཡིད་ཆེས་དང༌། མ་འོངས་པའི་སོན་རྩ་གཞོན་ནུའི་ལྟ་བར་གསོ་སྐྱོང་རོགས་རམ་དང༌། བཙན་བྱོལ་བོད་གཞུང༌། སྤྱི་འཐུས་ལྷན་ཁང༌། ྋགོང་ས་མཆོག་གི་མཛད་ཕྱོགས་ཞལ་བསྒྱུར་གྱིས་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བཙན་འཛུལ་པ་མར་རྒྱུགས་ཤིག་ཟེར་བའི་རྩ་འཛིན་ལེགས་སྒྲིག སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང༌། སྐལ་བཟང་རྒྱལ་མཚན་ལགས་ལས་སྣེ་རྣམ་པ་ནས་རྒྱལ་སྤྱིའི་ཁྲིམས་ཁང་ངམ། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག བཀའ་ཤག་གིས་འགན་བཞེས་ཐོག་བོད་མི་རིགས་གསོན་ཐབས་ཐེབས་རྩ་ལྷན་ཁང་བཙུགས་ནས་ཕྱི་ནང་གང་སར་འགྲོ་གྲོན་ཐབས་ཤེས་གསོག་བསྡུ། གཞོན་སྐྱེས་དང༌། འཇམ་ནོར་འདྲ་པོ་བསྡུ་རུབ་ཀྱིས་ཇུས་འདིང་ལྷན་ཁང་གྲ་སྒྲིག་ཡུན་རིང་དང༌། དམིགས་བསལ་བོད་དོན་སློབ་གྲྭ་འཛུགས་རྒྱུ། སྡེ་སྲིད་དང༌། ཡང་སྲིད་ལྷན་ཁང་གྲ་སྒྲིག་གོ་སྒྲིག་ཡུན་རིང་དང༌། ཛ་དྲག་གི་བོད་དོན་རང་བཙན་ལྷན་ཁང་ཞིག་བཙུགས་ནས་བོད་ནང་དང༌། བཙན་བྱོལ་བོད་མི་ཡོངས་ནས་གསལ་ཤེས་ཐུབ་པ་དྲིལ་བསྒྲགས་གནང་རྒྱུའི་བསམ་འཆར་དུ་ཤེས་ཡོན་དམན་ཡང༌། ན་རྒས་བརྒྱད་ཅུ་ལོན་པའི་མྱོང་ཚོར་དངོས་ཡོད་བཙོན་ཁང་ནང་སྤོ་བོ་ཡིས་རང་བཙན་ཞེས་རྒྱུན་འཁྱོངས། རྒྱ་དམར་བཙན་འཛུལ་པའི་སྲིད་དབང་སྒེར་གཅོད་བྱེད་པ་བཙོན་ནང་ལོ་སུམ་ཅུ་སོ་གཉིས་དང༌། ལས་མི་རུ་ཁག་ནང་ལོ་ལྔ་ཞྭ་ཡོད་ཕྱི་བཙོན་བྱས་པ་སྟག་སྣ་སྤོ་བོ་ཡིས་ཟོལ་མེད་བསམ་འཆར་ཞུས་པར་གཟིགས་ཕྱོགས་གཞན་མེད་པ་མཁྱེན།། ༢༠༠༨ ཟླ༡༡ ཚེས་ལ་ཕུལ།

 

Share this:
༢༠༩ ཀློག་གྲངས།