བོད་དོན་སྐོར་བསམ་ཚུལ་འགའ་ཞིག་ཟོལ་མེད་དུ་གླེང་བ།

༢༽ འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས་དང༌། བར་ལམ་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་ཐོག་ཉེ་བའི་ནང་དགོངས་ཚུལ་རིང་ཐུང་མང་དག་ཅིག་གསུང་བཞིན་པ་ནི་མང་གཙོའི་འཕེལ་རིམ་ནང་གལ་ཆེའི་བྱ་བ་བཟང་པོ་ཞིག་ཡིན་པ་རེད། དེ་མཚུངས་བདག་གིས་ཀྱང་དེའི་ཐོག་བསམ་ཚུལ་ཞིག་ཡོད་པ་ནི། གོང་དུ་གསལ་བའི་གནད་དོན་གཉིས་པོ་དེའི་མགོ་མཇུག་བར་གསུམ་ཕྱི་ནང་གསང་གསུམ་ཆ་ཚང་བ་ཞིག་འཕགས་པ་སྤྱན་རས་གཟིགས་སྐུ་དངོས་ྋགོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཁོང་གིས་མ་མཁྱེན་མ་གཟིགས་པའི་ཤེས་བྱ་གསར་པ་ཞིག་འཛམ་གླིང་འདིའི་སྟེང་ཡོང་མི་སྲིད་པ་ཞིག་རེད། རྒྱུ་མཚན་ནི་ཁོང་གིས་མཁྱེན་པས་མ་ཁྱབ་པའི་ས་ཕྱོགས་ཤིག་མེད་པས་ཡིན། གལ་སྲིད་ཁོང་གིས་མ་གཟིགས་མ་མཁྱེན་པའི་ཤེས་བྱ་གསར་པ་ཞིག་འཇིག་རྟེན་འདིའི་སྟེང་མཐོང་མདོག་ཤེས་མདོག་བྱེད་མཁན་དེ་འདྲ་འདུག་ན་གང་ཟག་དེས་དངོས་པོ་ཞིག་ཡོད་ནས་ཤེས་རྟོགས་བྱུང་བ་མ་ཡིན་པར་ཕྲག་དོག་གིས་སྨྱོས་ཏེ་གངས་རི་དཀར་པོ་ལ་སེར་པོར་སྣང་བ་བཞིན་འཁྲུལ་བ་ཡིན་པས་དེའི་རྗེས་སུ་ནམ་ཡང་འགྲོ་དགོས་དོན་མི་འདུག་སྙམ།

༣༽ བར་ལམ་རྒྱ་གར་ནང་ལས་འགུལ་སྤེལ་སྐབས་ཀྱི་མཐོང་ཚུལ་དང་བསམ་ཚུལ། སྐབས་དེར་ལྷག་བསམ་དང་ཐུགས་སེམས་གཡོ་བ་མེད་པའི་ཐོག་ནས་སྐྱ་སེར་ཁྱད་མེད་ཀྱི་ལས་འགུལ་སྤེལ་བ་དེར་སྔགས་བརྗོད་དང་རྗེས་སུ་ཡི་རང་གི་གནས་རེད། འོན་ཀྱང་དགེ་འདུན་པའམ་རབ་བྱུང་ཕོ་མོ་རྣམས་ཀྱིས་རང་གི་གནས་བབས་ལ་ལྟོས་ཏེ་བྱ་སྤྱོད་དེ་འདྲ་མ་གནང་ན་ཨང་སྙམ་པ་ལྟ་བུའི་ཚོར་སྣང་ཞིག་བདག་ལ་བྱུང༌། དེ་ནི་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་འཛིན་མཁན་ཞིག་གི་གནང་མ་འོས་པ་དེ་འདྲ་གནང་བའི་ཆ་ནས་ཞུས་པ་ཡིན། རབ་ཏུ་བྱུང་བ་ཞིག་ཡིན་པའི་ཆ་ནས་བྱ་བ་གང་ལ་ཞུགས་ཀྱང་རང་གི་མཚན་གནས་དང་འབྲེལ་བའི་བྱ་བ་ལ་ཞུགས་དགོས་པ་མ་ཟད་མ་འོངས་པར་འཛུལ་ཞུགས་གནང་སྐབས་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མ་འགལ་བ། བོད་གཞུང་གི་སྲིད་ཇུས་དང༌། སྟོན་པ་སངས་རྒྱས་ཀྱི་གསུངས་པའི་དམ་ཆོས་རིན་པོ་ཆེ་དང་མཐུན་པ་ཞིག་གནང་དགོས་པ་དེ་རབ་བྱུང་ཕོ་མོ་ཡོངས་རྫོགས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ནམ་དམ་བཅའ་ཞིག་ཀྱང་རེད་སྙམ། ང་ཚོས་ཆོས་ར་ནང་འགལ་བའི་སྐོར་མང་པོ་ཞིག་རྩོད་ཀྱིན་ཡོད་པ་རེད། རྩོད་གནས་རྐྱང་རྐྱང་ལ་མ་བཞུགས་པ་སོ་སོའི་ཉིན་རེའི་སྒོ་གསུམ་གྱི་བྱ་བ་ལའང་འགལ་བ་འདྲ་ཡོང་གི་ཡོད་མེད་ཀྱིས་བརྟག་དཔྱད་གནང་ན་ལེགས་པར་སེམས། རྗེ་མི་ལས། འགལ་བ་འབྲེལ་བ་ངས་མི་ཤེས། །བླ་མའི་བཀའ་དང་འགལ་ན་འགལ་བ་ཡིན་ཞེས་གསུངས་པར་ལྟར། བླ་མའི་བཀའ་དང་འགལ་ན་འགལ་བའི་ནང་གི་ཉེས་དམིགས་ཆེ་ཤོས་དེ་ཡིན་པ་ཞུ་དགོས་དོན་གང་ཡང་མི་འདུག དེ་བཞིན་མི་གཅིག་གིས་གཞོན་ནུའི་ལས་འགུལ་ནང་དུ་འཛུལ་ཞུགས་བྱས་ཏེ་རང་བཙན་འཐབ་རྩོད་བྱེད་པ་དང༌། བོད་གཞུང་གིས་གོ་སྒྲིག་འོག་ལས་འགུལ་སྤེལ་སྐབས་ཡང་འཛུལ་ཞུགས་བྱས་ཏེ་བོད་དོན་འཐབ་རྩོད་བྱས་པ་ཡིན་ན་སྒྲུབ་བྱ་སྒྲུབ་བྱེད་གང་གི་ཆ་ནས་ཀྱང་གཞི་མཐུན་མི་སྲིད་པའི་འགལ་བ་ཡིན་པས་དེ་གཉིས་ཀའི་ནང་འཛུལ་ཞུགས་བྱས་པ་དེ་ད་ལྟའི་སྐབས་འགལ་བའི་བྱ་བ་རེད། ལྷག་བསམ་དང་སེམས་ཤུགས་ཡོད་མེད་ལ་མ་ལྟོས་པར་འགལ་བའི་བྱ་བ་བྱས་ན་ཆོས་དང་འཇིག་རྟེན་གང་གི་ཐོག་ལ་ཡིན་ནའང་དྲང་བདེན་མ་ཡིན་པ་དང༌། ལམ་ལུགས་དང་མི་མཐུན་པ་ཆགས་ཀྱི་ཡོད་པ་དེ་ཡང་ཤེས་དགོས་པ་རེད། གཞོན་ནུ་ཚོགས་པའི་ལྟ་བའམ་སྒྲུབ་བྱ་ནི་བོད་རང་བཙན་གཙང་མ་རེད། དེ་ལྟ་བུའི་བསྒྲུབ་བྱ་དེ་ཉིད་སྒྲུབ་བྱེད་ཀྱི་ཐབས་ལམ་གང་ཡིན་ཏན་ཏན་མ་ཤེས་ཀྱང་ཚོད་དཔག་བྱས་ན་འཚེ་བ་མེད་པ་ཡིན་སྲིད། གཅིག་བྱས་ན་གཞོན་ནུ་ཚོགས་པ་ལའང་སྒྲུབ་བྱེད་འདི་ཡིན་གྱི་ངེས་པ་རྙེད་པའི་སྒོ་ནས་ལན་ཞིག་གསུང་རྒྱུ་ཡོད་མེད་མི་ཤེས། བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྲིད་ཇུས་དང༌། ྋགོང་ས་མཆོག་གི་དགོངས་གཞིའམ་བསྒྲུབ་བྱ་ནི་ལམ་དབུ་མ་རེད། དེ་ལྟ་བུའི་བསྒྲུབ་བྱ་དེ་ཉིད་སྒྲུབ་བྱེད་ཀྱི་ཐབས་ལམ་ནི་བསླུ་བ་མེད་པའི་སྐྱབས་གནས་ཀུན་འདུས་འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་འཚེ་བ་མེད་པའི་ཐབས་ལམ་ཁོ་ན་རེད། འདས་པའི་ནང་གོང་ཞུས་ལྟར་ལྷག་བསམ་དང་སེམས་ཤུགས་ཅན་མང་དག་ཅིག་གིས་དགོངས་པ་ཟབ་ནན་མ་བཞེས་པ་ལྟ་བུས་སྐབས་རེ་ྋགོང་ས་མཆོག་དང་བོད་གཞུང་གི་སྲིད་ཇུས་དང་ལམ་ཕྱོགས་ལ་རྒྱབ་སྐྱོར་ཡོད་པའི་བཟོ་འདྲ་པོ། སྐབས་རེ་གཞོན་ནུ་ཚོགས་པའི་ལམ་ཕྱོགས་དང་ལྟ་གྲུབ་ལ་རྒྱབ་སྐྱོར་ཡོད་པའི་བཟོ་འདྲ་བོའི་འགལ་འདུ་ཅན་གྱི་བྱ་བ་འདྲ་མིན་དེ་འདྲ་བྱེད་མཁན་ཡོང་གི་འདུག་པས། གལ་སྲིད་དེ་འདྲ་བྱེད་པ་ཡིན་ན་རྣམ་དཔྱོད་ཀྱི་ཤེས་རབ་མེད་པའི་རི་བོང་ཅལ་འགྲོགས་ལྟ་བུ་ཆགས་པར་བརྟེན་མ་འོངས་པ་ལས་འགུལ་གང་སྤེལ་ཀྱང་སྐྱ་སེར་དབྱེ་བ་མེད་པ་བསྒྲུབ་བྱ་ལམ་དབུ་མ་གཞིར་བཟུང་ནས་སྒྲུབ་བྱེད་འཚེ་བ་མེད་པའི་ལམ་བུ་གཅིག་ཉིད་ལ་བརྟེན་ནས་གཞིས་བྱེས་མཉམ་རུབ་ཀྱིས་འཚེ་བ་མེད་པའི་ལས་འགུལ་སྣ་ཚོགས་ཤིག་བརྩམས་པ་ཡིན་ན་ཨ་ཞང་ཚང་སྐད་ཤོར་རྒྱུ་ཡིན་པ་དོགས་པ་རྣམ་རྟོག་གང་ཡང་མི་དགོས་པ་ཐག་བཅད་དེ་བཤད་ཐུབ་རྒྱུ་རེད། ༤༽ བོད་མི་རིགས་དང་རྒྱལ་ཁབ་ལ་ཤ་ཚ་བྱེད་མཁན་དང་སྙིང་རྗེ་བྱེད་མཁན་ཞིག་ཡོད་ན་དགའ་ལྡན་ཕོ་བྲང་པའི་གཞུང་འདི་དང༌། རྒྱལ་བ་དོན་གྱི་བདག་པོ་ྋ་གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ལས་ལྷག་པ་ཞིག་ས་སྟེང་འདི་ན་མི་སྲིད་པ་ལྟ་བུ་ཡིན་པས། གདན་ས་གསུམ་གཙོས་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་རང་ཚུགས་བརྟན་པོའི་སྒོ་ནས་དགའ་ལྡན་ཕོ་བྲང་གི་སྲིད་ཇུས་དང་ལམ་ཕྱོགས་གང་ཡིན་ངེས་པར་དུ་ཤེས་ནས་ཡིད་ཆེས་རྙེད་པ་ཞིག་གིས་ཐོག་ནས་བོད་དོན་ལས་འགུལ་སྤེལ་དགོས་པ་ལས་ལྷ་མདུན་ལ་བཞག་ཕྱག་རྒྱབ་ལ་འཚལ་ཞེས་པའི་དཔེར་ལྟར། ཁ་སྙན་གཏམ་གསར་ལ་དབུ་འཁོར་ནས་སྒྲིག་འཛུགས་འདྲ་མིན་གྱི་རྗེས་སུ་འབྲངས་མི་དགོས་པར་ལས་འགུལ་གང་ཞིག་སྤེལ་ཀྱང་རང་གཞུང་གི་ལམ་སྟོན་གཞིར་བཟུང་སྒོ་གསུམ་གྱི་སྤྱོད་ལམ་འཁྱེར་སྟངས་ནི་བར་ལམ་འབར་མའི་ནང་མང་གཙོ་དོན་གཉེར་ཅན་གྱི་དགེ་འདུན་པ་རྣམས་ཀྱིས་ལས་འགུལ་སྤེལ་སྐབས་ཀྱི་ཀུན་སྤྱོད་ལྟར་གནང་ཐུབ་ན་སྟོན་པའི་དམ་ཆོས་དང༌། འཇིག་རྟེན་ལམ་ལུགས་གཉིས་ཀ་དང་མཐུན་པའི་འཚེ་བ་མེད་པའི་ལས་འགུལ་ཚད་ལྡན་ཞིག་ཏུ་འགྱུར་བར་འདུག་ཅེས་བསམ་ཚུལ་ཙམ་ཡིན།

༥༽ འཕགས་ཡུལ་དུ་གནས་པའི་རང་རིགས་སྐྱབས་བཅོལ་གྱི་སྤྱི་ཚོགས་ཆུང་ངུ་སྦར་མོ་གང་ཙམ་འདི་ཉིད་དུམ་བུ་མང་པོར་བགོས་ནས་ཚོགས་པ་ཆུང་ཙག་འདྲ་མིན་འཛུགས་པ་དང༌། དམིགས་ཡུལ་དང་སྒྲུབ་བྱེད་ཞི་དྲག་གང་ཡིན་ངེས་གཏན་མེད་པའི་ལས་འགུལ་ཙག་ཙིག་འདྲ་མིན་སྤེལ་བ་འདིས་བོད་རྒྱལ་ཁབ་ཀྱི་གཅིག་སྒྲིལ་ལ་འགོག་རྐྱེན་དང༌། རྒྱ་དམར་གཞུང་ལ་དོགས་པ་རྣམ་རྟོག་བསླང་བའི་རྒྱུ་རྐྱེན་ཆེན་པོ་ཞིག་བྱེད་ཀྱིན་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་བ་ནི་གཅིག་བྱས་ན་གུས་པས་ནོར་བ་ཡིན་སྲིད༌། གལ་ཏེ་གུས་པས་ནོར་ཡོད་ན་དེ་ལ་དགའ་བསུ་ལས་རྩོད་གླེང་གང་ཡང་བྱེད་འདོད་མེད། མདོར་བསྡུས་ཏེ་ཞུས་པ་ཡིན་ན་མ་འོངས་པ་ལས་འགུལ་གང་སྤེལ་ཡང་བོད་གཞུང་གི་ལམ་སྟོན་ཁོ་ནའི་འོག་ལས་འགུལ་གཅིག་དང༌། དམིགས་ཡུལ་གཅིག སྒྲུབ་བྱེད་ཐབས་ཚུལ་འཚེ་བ་མེད་པའི་ལམ་བུ་གཅིག་ཉིད་ལ་བརྟེན་ནས་བོད་རིགས་ཡོངས་རྫོགས་མཉམ་རུབ་ཀྱིས་གཅིག་ཏུ་བསྒྲིལ་བའི་ཐོག་ནས་ལས་འགུལ་སྤེལ་ཕྱོགས་ཐོག་ད་ལྟའི་ཚོགས་འདུ་འདིའི་སྟེང་གྲོས་བསྡུར་བགྲོ་གླེང་ཟབ་རྒྱས་ཐག་ཆོད་པ་ཞིག་གནང་དགོས་པ་ལས་ལྟ་གྲུབ་དང་ཐབས་ལམ་གཞན་དང་གཞན་གྱི་ཐོག་ཁ་བདེ་རྩོད་གླེང་བྱས་ན་ཕན་ཐོགས་དང་དགོས་པ་གང་ཡང་མེད། ཁྱད་པར་བོད་ཆོལ་ཁ་གསུུམ་གྱི་ནང་རང་དབང་དོན་གཉེར་བ་བོད་རིགས་བརྒྱ་ཕྲག་མང་པོ་ཞིག་རྒྱ་ནག་གཞུང་ནས་དམར་གསོད་བཏང་བ་དང་བཙོན་དུ་བཅུགས་ཏེ་ད་ལྟ་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་དམིགས་བསལ་གྱི་ཐབས་ལམ་བཙལ་ནས་གཞུང་འབྲེལ་ཐོག་འཚེ་བ་མེད་པའི་ལས་འགུལ་དོན་སྙིང་ལྡན་པ་མུ་མཐུད་དེ་དོན་འབྲས་ཤིག་མ་སོན་བར་གང་མགྱོགས་འགོ་འཛུགས་དགོས་པ་ཡིན།།

གུས་འབངས་བྱམས་པ་དབང་ཆེན། ཌལ་ཧོར་གཏན་སློབ།

Share this:
༢༢༠ ཀློག་གྲངས།