༧གོང་ས་མཆོག་གི་སྐུ་མདུན་དུ་གཞུང་ཞབས་ཚོས་དམ་བཅའ་ཕུལ་བ།

དེ་ཡང་ཟླ་འདིའི་ཚེས་༢༢ ༧གོང་ས་མཆོག་ལ་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ཚོས་བརྟན་བཞུགས་བསྟར་འབུལ་སྐབས།  གསོལ་འདེབས་དང༌གནོངས་བཤགས། དམ་བཅའ་བཅས་ཕུལ་ཡོད་པའི་ནང་འཁོད་དོན། དང་པོ་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་བ་འདེབས་པ་ནི། མགོན་པོ་གང་ཉིད་ཀྱིས་བདག་ཅག་བོད་འབངས་རྣམས་ལ་དུས་དང་གནས་སྐབས་ཐམས་ཅད་དུ་བསྐྱངས་པའི་བཀའ་དྲིན་གྱི་ཕུང་པོ་ནི། ད་བར་སྐྱེས་འདས་ཟིན་པའི་བོད་མི་ཡོངས་ཀྱིས་ལོ་གྲངས་བྱེ་བའི་བར་དུ་བར་མཚམས་མེད་པར་བརྗོད་ཀྱང་བརྗོད་པར་མི་ནུས་ཤིང༌། འཛམ་བུ་གླིང་གི་སྣག་ཚ་དང་ཤོག་བུ་ཡོད་ཚད་མ་ཟད་བར་དུ་ཡི་གེར་བྲིས་ཀྱང་འབྲི་བར་མི་ནུས་ལ། བཀའ་དྲིན་དེའི་ཡོན་དུ་སྟོང་གསུམ་རིན་ཆེན་བདུན་གྱིས་བཀང་སྟེ་ཕུལ་ཀྱང་ཆ་ཙམ་བསབ་པར་མི་ནུས་པའི་ཚད་དུ་གྲུབ་གཤིས། སྐལ་བ་དང་བསོད་ནམས་ཀྱིས་ཆེས་ཤིན་ཏུ་འཆུན་པར་དཀའ་བའི་རང་བཞིན་འབའ་ཞིག་ཏུ་གནས་མོད། བདག་ཅག་གངས་ཅན་པ་རྣམས་ཀྱང་ཡུལ་དུས་གནས་སྐབས་གང་ཞིག་ཏུ་འཇིག་རྟེན་གྱི་དཔལ་ཡོན་ཐམས་ཅད་འབད་རྩོལ་མི་དགོས་པར་སྩོལ་བའི་དངོས་གྲུབ་ཀྱི་གཏེར་ཆེན་པོ་ཞིག་དང་འཕྲད་པར་སྲིད་རུང༌། བདག་ཅག་ལ་དེ་འདྲའི་དངོས་གྲུབ་ཀྱི་གཏེར་ཆེན་པོ་ནི་ཉེ་བར་མི་མཁོ་ཡི། ༧སྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་མགོན་སྐྱབས་དང་དཔུང་གཉེན་ནི་རྨི་ལམ་དུའང་འབྲལ་བར་མི་ནུས་པ་ལགས་ན། གདུལ་བྱ་འདུལ་བྱེད་ཀྱི་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཉེ་བར་དགོངས་ཏེ། བདག་ཅག་ཁ་བ་ཅན་གྱི་སྐྱེ་འགྲོ་སྤྱི་དང་ཁྱད་པར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཞབས་ཞུར་གཏོགས་པའི་ལས་བྱེད་འདས་གསོན་ལས་ཟུར་རྣམས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོའི་ཀློང་ནས་ནམ་ཡང་མི་འདོར་བར་ཅི་ནས་ཀྱང་རྗེས་སུ་གཟུང་དུ་གསོལ་ཞེས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།

གཉིས་པ། ནོངས་པ་བཤགས་པ་ནི། བདག་ཅག་གཞུང་ཞབས་ལས་བྱེད་འདས་གསོན་རྣམས་ནས་ཇི་ལྟར་དམ་ཆོས་འདུལ་བ་ནས་གསུངས་པ་ལྟར། མི་ཤེས་པ་དང༌མ་གུས་པ། བག་མེད་པ། ཉོན་མོངས་མང་བའི་རྒྱུ་རྐྱེན་སྤྱི་དང༌།ཁྱད་པར་༧རྒྱལ་བའི་དབང་པོ་གང་ཉིད་ཀྱི་མཁྱེན་དཔྱོད་གཟིགས་རྒྱང་དང་བདག་ཅག་ཞབས་ཞུ་བ་རྣམས་ཀྱི་རྣམ་དཔྱོད་དང་བསམ་རྒྱའི་དབར་བར་ཐག་ཧ་ཅང་ཆེ་བའི་དབང་གིས་མགོན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་མ་རྟོགས་པ་དང༌། རྟོགས་ཀྱང་ཇི་བཞིན་སྒྲུབ་མ་ཐུབ་པ། སྐབས་རེ་ལོག་ལྟ་དང་ལོག་སྨོན་ཅན་རེ་ཟུང་ཡང་གཞུང་ཞབས་ལས་བྱེད་པའི་ཟོལ་དུ་སླེབས་མི་སྲིད་པ་མེད་པ་དེ་དག་གི་ལོག་སྒྲུབ་ཇི་བརྩམས་བཅས་ལ་བརྟེན་ནས། མགོན་པོ་གང་ཉིད་ཀྱི་ཐུགས་དམ་སེལ་རྐྱེན་དང༌ལྷ་དགོངས་འགལ་གཞི། ཐུགས་བསུན་འགྱུར་གཞི་སོགས་བདག་ཅག་རྣམས་ཀྱི་ངོས་ནས་ནོངས་པ་དང་འགལ་བར་གྱུར་པ་ཇི་ཡོད་ཐམས་ཅད་གནོངས་འགྱོད་དྲག་པོ་དང་བཅས་ཏེ་མཐོལ་བཤགས་ཞུ་རྒྱུ་དང༌། ཕྱིན་ཆད་སྤོང་སྡོམ་ཚུལ་བཞིན་ཞུ་རྒྱུར་སྙིང་ཐག་པ་ནས་ཁས་ལེན་ཞུ་བ་ལགས་ན། ཐུགས་བརྩེ་བ་ཆེན་པོས་ཅི་ནས་ཀྱང་བཟོད་པར་མཛད་དུ་གསོལ།

གསུམ་པ། དམ་བཅའ་འབུལ་བ་ནི། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་འཆི་གསོན་གྱི་གནས་ལ་ཐུག་པའི་གནས་སྐབས་དང༌། བོད་དང་བོད་མིའི་སྲོག་སྙིང་གཅིག་པུ་༧སྐྱབས་མགོན་ཆེན་པོ་གང་ཉིད་ཀྱང་དགུང་ན་མཐོན་པོར་བཞེས་པའི་དུས་མཚམས་ཤིན་ཏུ་འགངས་ཆེའི་སྐབས་འདིར། ད་ལམ་གུས་འབངས་བཙན་བྱོལ་བོད་གཞུང་གི་ལས་བྱེད་རྒན་གཞོན་ཕོ་མོ་ཡོངས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་གང་ཉིད་ཀྱི་སྤྱན་སྔར་སྒྲུབ་པའི་མཆོད་སྤྲིན་མཚོན་བྱེད་དུ་ཁས་ལེན་དམ་བཅའ་ཞུ་རྒྱུར། བདག་ཅག་རྣམས་ཀྱི་ཁུར་དུ་བབས་པའི་སྤྱི་དོན་སྒྲུབ་སྒོ་མཐའ་དག་ལ་༧སྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་བཀའ་དགོངས་འགལ་མེད་དང༌། སྤྱི་དོན་ལྷག་བསམ་གཡོ་མེད། རང་ནུས་གང་ཡོད་ཀྱིས་འབད་བརྩོན་ཆེ་བསྐྱེད། ལས་འབྲས་དཔང་ཕེར། རྒྱབ་མདུན་ངོ་ལྐོག་མེད་པ། སྤྱི་སྙོམས་དྲང་བདེན་བཅས་ཞུ་རྒྱུ་དང༌། སྒོས་སུ་ད་སྐབས་འཛམ་གླིང་ཡུལ་གྲུ་གང་སར་ནགས་ལ་མེ་མཆེད་པ་ལྟར་ཚུལ་མཐུན་མ་ཡིན་པའི་ཀུན་སྤྱོད་མང་དག་ཅིག་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པ། ལྐོག་ཟ་རུལ་སུངས། སྤྱི་རྒྱུ་སྒེར་ཟ། ཉེ་དགའ་ཕྱོགས་ལྷུང༌། དབྱེན་སྦྱོར་དཀྲུགས་ཤིང༌། དགྲ་བོའི་སོ་ཉུལ། བློ་ཕྱི་གཏད་གྲོད་པ་ནང་གཏད། བཟང་པོར་མ་ཉེས་ཁ་གཡོགས། ངན་པར་འགོ་འདྲེན་སྲུང་སྐྱོབ། མཐོ་བར་ངོ་བསྟོད་དང་དམའ་བར་བརྙས་བཅོས། གཡོ་འཕྲུལ་དང་ལྐོག་བྱུས་སྣ་ཚོགས་ཀྱིས་རྒྱལ་འབངས་གྲོགས་གསུམ་ཕུང་ལ་སྦྱོར་བ་ལ་སོགས་པའི་ལྟ་ངན་དང་སྤྱོད་ངན་གྱི་རིགས་རིང་དུ་སྤང་རྒྱུ། ཡང་སྒོས་༧གོང་ས་༧སྐྱབས་མགོན་ཆེན་པོ་གང་ཉིད་ཀྱིས་ཕྱི་ནང་ཀུན་ཏུ་ཞལ་གདམས་ཀྱི་སྙིང་པོར་སྩལ་བའི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་གོང་སྤེལ་དང༌། ཆོས་ལུགས་དབར་མཐུན་འབྲེལ་གོང་སྤེལ། འཚེ་བ་མེད་པ་དང་གཉིས་སྨན་དབུ་མའི་ལམ་གྱིས་བོད་དང་བོད་མིའི་རྩ་དོན་སྒྲུབ་ཐབས། འཇིག་རྟེན་སྤྱིའི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་ཕྱོགས་ཀུན་ཏུ་སྤེལ་རྒྱུ་བཅས་ལ་ཐོས་བསམ་སློབ་གཉེར་དང༌། སྒོམ་སྒྲུབ་ཉམས་ལེན། ཁྱབ་སྤེལ་བཅས་རང་ནུས་གང་ཡོད་ཀྱིས་ཞུ་རྒྱུ།

སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་དོལ་རྒྱལ་བསྟེན་གསོལ་ནམ་ཡང་མི་བྱ་རྒྱུ་བཅས་ཁས་ལེན་དམ་བཅའ་གཙང་མ་ཞུ་རྒྱུ་ཡིན་ལགས་ན། གོང་དུ་གསོལ་འདེབས་དང་ནོངས་བཤགས་ཀྱི་ཞུ་དོན་རྣམས་ལ་ཞལ་བཞེས་བཟང་པོ་དང༌། ཁས་ལེན་དམ་བཅའི་ཞུ་དོན་རྣམས་དེ་དེ་བཞིན་དུ་འགྲུབ་པའི་ཐུགས་སྨོན་བདེན་ཚིག་གི་སྐྱབས་འཇུག་བཟང་པོ་བདག་ཅག་ཡོངས་ཀྱི་སྤྱི་བོའི་མཛེས་རྒྱན་དུ་ཅི་ནས་ཀྱང་སྩོལ་བར་མཁྱཻཻན། མཁྱཻན། མཁྱཻན། མཁྱེན་ཞེས་གསོལ་བ་འདེབས་པ་ལགས་སོ།། །།

Share this:
༢༦ ཀློག་གྲངས།