བོད་ནང་གི་གནས་སྟངས་གླེང་རོགས།

ཟླ་འདིའི་ཚེས་ ༢༥ ཉིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་ཉིན་བལ་ཡུལ་དུ་ཀཱ་ཐ་མན་ཀྲོའུ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་བལ་ཡུལ་རྒྱལ་སར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། ཨ་རི་དང་དབྱིན་ཡུལ། རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ལས་ཁུངས་ཁག་ལ་ཆུང་སྲིད་རིན་པོ་ཆེ་མཆོག་གི་དངོས་བྱུང་གནས་ཚུལ་དང་འབྲེལ་བའི་ཡིག་ཐོག་གི་སྙན་ཞུ་སྤྲད་ནས། མི་ལོ་བཅུ་དྲུག་ལྷག་ལ་གར་སོང་ཆ་མེད་དུ་གྱུར་པའི་འཛམ་གླིང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ད་ལྟའི་ཆར་གང་དུ་བཀག་ཡོད་མེད་སོགས་རྩད་གཅོད་དང་མཉམ་དེའི་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། སྐུ་ཉིད་ཡབ་ཡུམ་དང་བཅས་པ་ཆ་རྐྱེན་གང་ཡང་མེད་པར་གློད་དཀྲོལ་ཡོང་རྒྱུར་རོགས་རམ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག།

ད་དུང་ཁོང་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ཡང་ཡིག་ཐོག་ནས་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་རྒྱལ་སྤྱིའི་མི་མང་ལ་ངོ་སྤྲོད་དགོས་པ་དང་། སྐུ་ཉིད་གློད་དཀྲོལ་དགོས་བའི་དགོས་འདུན་བཏོན་པར་བརྟེན། འཁྲུངས་སྐར་སྔ་ཉིན་ནས་བལ་ཡུལ་གྱི་ཉེན་རྟོག་པ་དང་གསང་བའི་མི་སྣས་བོད་མི་གནས་སྡོད་བྱེད་ཡུལ་ཁག་ཏུ་སྐོར་སྲུང་བྱས་པར་བརྟེན། ཁོང་ཚོའི་ལས་འགུལ་རྣམ་པ་གསར་པར་བསྒྱུར་བསྐོར་གཞོན་ནུའི་རྒྱུན་ལས་བཀྲ་ཤིས་ཟླ་བས་བརྗོད་སོང་།

དེ་བཞིན་ཕྱི་ཚེས་ ༢༦ ཉིན་ས་གནས་གཞོན་ནུའི་ཚོགས་གཙོ་དང་ཚོགས་གཞོན་བཅས་མི་གྲངས་གསུམ་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྐྱབས་བཅོལ་སྡེ་ཚན་གྱི་གནད་ཡོད་ལས་བྱེད་མཱརྒུ་ལ་ཐུག་འཕྲད་བྱས་ནས། སྤྱིར་ད་ལྟའི་བོད་ནང་གི་གནས་སྟངས་དང་ལྷག་དོན་ཨ་མདོ་རྔ་པ་ཀིརྟི་ཕྱོགས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་ཡིག་ངག་གཉིས་ཐོག་ནས་ངོ་སྤྲོད་བྱས་ཐོག འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གྲོས་མོལ་ཆེད་རྒྱ་ནག་ཏུ་བསྐྱོད་རྒྱུ་ཡིན་པའི་ཨ་མི་རི་ཀའི་འཐུས་མིས་ད་ཐེངས་བོད་ནང་དང་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐད་གླེང་ཐབས་ཡོང་རྒྱུ་དང་། རབ་བྱུང་ན་རྔ་པ་ས་གནས་རང་ལ་བསྐྱོད་ཏེ་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཡོང་རྒྱུའི་ནན་ཏན་ཞུ་འབོད་བྱེད་སྐབས། ཁོང་ཚོས་བོད་ནང་གི་གནས་སྟངས་ཐད་ནམ་རྒྱུན་དུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེའི་ཐད་རྒྱ་ནག་དང་མཉམ་གླེང་རྒྱུ་ཡིན་སྐོར་གྱི་ལན་འདེབས་བྱས་འདུག།།
བལ་ཡུལ་གསར་འགོད་པས།

Share this:
༦༦ ཀློག་གྲངས།