སེར་སྦྲེངས་སྙན་སྐུལ་སྨོན་ལམ་ཅཱན་དྷི་གྷར་གྲོང་ཁྱེར་དུ་འབྱོར་བ།

དེ་ཡང་སེར་སྦྲེངས་སྙན་སྐུལ་སྨོན་ལམ་དབུ་བཙུགས་ནས་ཉིན་གསུམ་པ་སྟེ། ཟླ་འདིའི་ཚེས་༢༨ ཉིན། དང་པོ། ཞོགས་པའི་ཆུ་ཚོད་༨ དང་ཕྱེད་ཀ་ཙམ་ལ་འོས་ནཱ་ནས་ཐོན་ཏེ་ཆུ་ཚོད་༩ ཙམ་ལ་ཧི་མ་ཅལ་མངའ་སྡེ་དང་པན་རྗབ་གཉིས་ཀྱི་ས་མཚམས་མེ་ཐུ་པུར་ཞེས་པར་འབྱོར་བ་དང་། ཀོང་རེ་སི་ས་གནས་མགྲིན་ཚབ་པས་ལས་འགུལ་བ་རྣམས་ལ་བོད་དོན་གྱི་ལས་འགུལ་སྤྱི་དང་བྱེ་བྲག་དེ་རིང་གི་སེར་སྦྲེངས་སྙན་སྐུལ་སྨོན་ལམ་འདི་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་བ་དང། མདོ་སྨད་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་ནས་ལས་འགུལ་ངོ་སྤྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་དབྱིན་སྐད་ནང་སྒྲོགས་སྦྱང་དང་། གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཡོད་པ་རེད།

གཉིས་པ། སྔ་དྲོའི་དུས་ཚོད་༩ ཙམ་ལ་ནན་གྷལ་ས་གནས་སུ་འབྱོར་ཏེ་ཁྲོམ་གཞུང་དུ་ས་གནས་ཉེན་རྟོག་པ་ཁག་ཅིག་གིས་ལམ་སྣ་ཁྲིད་དེ་སེར་སྦྲེངས་སྙན་སྐུལ་སྨོན་ལམ་དང་། ལམ་གཡས་གཡོན་གྱི་མང་ཚོགས་ནང་ལས་འགུལ་དང་འབྲེལ་བའི་ཡིག་ཆ་འགྲེམས་བཞིན་ཅེས་ཧོར་གསོལ་མགྲོན་ཁང་གི་མདུན་གྱི་སྐྱེད་ཚལ་རྭ་བའི་ནང་དབྱིན་ཇི་དང་ཧིན་དྷི་གཉིས་ཀའི་ནང་ལས་འགུལ་ངོ་སྤྲོད་དང་འབྲེལ་བའི་གསར་འགོད་སྒྲོགས་སྦྱང་སྐབས་གསར་ཁང་མི་འདྲ་བ་༨ ཙམ་གྱི་གསར་འགོད་པས་བཅར་འདྲི་དང་ལེན་གནང་བར་མ་ཟད། སྐུ་མགྲོན་རྣམས་ལ་ཁ་བཏགས་གཡོགས་པ་སོགས་བྱས། དེ་ནས་མུ་མཐུད་སེར་སྦྲེངས་བྱས་ཏེ་གཞུང་ལམ་དུ་ཕེབས་སྐབས་ས་གནས་དེ་གའི་ཧིན་བོད་འབྲེལ་མཐུད་ཚོགས་པའི་བྷ་རམ་ཤར་མ་མཆོག་གིས་མེ་ཏོག་གི་འཕྲེང་བ་དགའ་བསུའི་སྣེ་ལེན་གྱིས་ལས་འགུལ་གྱི་དབུ་ཁྲིད་དེ། ཧིན་བོད་འབྲེལ་མཐུད་ཚོགས་པ་རྒྱལ་གྱུར་ཅིག བོད་ཀྱི་རང་དབང་རྒྱ་གར་གྱིས་སྲུང་སྐྱོབ་བྱེད་ཅེས་པའི་འབོད་ཚིག་སྒྲོག་བཞིན་སྤྱི་ལེ་༢ ཙམ་གྱི་སར་ཕེབས་ཡོད་པ་རེད།

གསུམ་པ། སྔ་དྲོའི་དུས་ཚོད་༡༡ ལ་ནན་གྷལ་ནས་ཐོན་ཏེ་ཉིན་གུང་གི་ཆུ་ཚོད་༡༢ ཕྱེད་ཀར་རོ་པུར་ཞེས་པའི་ས་གནས་སུ་འབྱོར་སྐབས། ས་གནས་དེ་གའི་ཀོང་རེ་སི་ཚོགས་པའི་དྲུང་ཆེ་ར་རྗེ་ཤི་བལ་སེང་བྷ་ལེ་ནས་སྣེ་ལེན་དང་འབྲེལ་གོམ་བགྲོད་བྱས་ཏེ་མི་ཚོགས་འདུ་འཛོམས་ཧ་ཅང་ཆེ་ས་ཞིག་ནས་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ལས་འགུལ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་ཧིན་སྐད་དུ་གནང་བ་དང།  ར་རྗེ་ཤི་བལ་སེང་བྷ་ལེ་ནས་ཀྱང་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་ནས་ཐུགས་རྗེ་ལེགས་གསོལ་གྱི་ཁ་བཏགས་གཡོགས་ཡོད་པ་རེད།

བཞི་པ། ཕྱི་དྲོའི་ཆུ་ཚོད་༤ དང་སྐར་མ་༤༥ ཙམ་ལ་ཅན་དྷི་གྷར་གྲོང་ཁྱེར་གྱི་ས་མཚམས་མོ་ཧཱ་ལེ་ཞེས་པའི་ས་མཚམས་ཀྱི་གཞུང་ལམ་ནས་སེར་སྦྲེངས་བྱས་ཏེ་སྤྱི་ལེ་༦ ཙམ་གྱི་སར་ཡོད་པའི་ཁྲོམ་ར་ཨང་༡༧ པ་བར་དུ་ཕེབས་པ་དང་། དེར་སླེབས་སྐབས་ས་གནས་དེར་མཐོ་སློབ་འགྲིམ་བཞིན་པའི་ས་གནས་གཞོན་ནུ་ཚོགས་པའི་རྒྱུན་ལས་རྣམས་དང་བོད་པའི་སློབ་ཕྲུག་རྣམས་ཀྱིས་དགའ་བསུའི་སྣེ་ལེན་གནང་། ཁྲོམ་ར་བཅུ་བདུན་པའི་ས་གནས་དེར་ཆེད་དུ་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབྱིན་སྐད་ནང་བོད་ཨ་མདོ་རྔ་པའི་ནང་གི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་ས་གནས་ཀྱི་དངོས་ཡོད་གནས་སྟངས་ག་རེ་ཡིན་མིན་ཐོག་རྟོག་ཞིབ་ཚོགས་པ་གཏོང་གནང་ཡོང་བའི་འབོད་སྐུལ་སོགས་ཀྱི་གསུང་བཤད་གནང་།

སྐབས་དེར་སྐུ་མགྲོན་དུ་ཕེབས་པའི་ས་གནས་དེ་གའི་ཧིན་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་མཆོག་ནས་ལས་འགུལ་ལ་རྒྱབ་སྐྱོར་དང་འབྲེལ་བའི་གསུང་བཤད་གནང། སྐབས་དེར་ཁོང་དང་མཉམ་དུ་བྷི་ཇཱེ་བྷི་གཞོན་ནུ་ཚོགས་པའི་དྲུང་ཆེ་ཨ་མེས་ཐི་རཱ་ན་ཡང་ལས་རིམ་ནང་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་ རྒྱ་གར་གྱི་གསར་ཁང་(ND TV) དང་། (TV 18) དེ་བཞིན་(TRIBUNE) དང་། (INDIAEXPRESS) སོགས་གསར་འགོད་པ་མང་འབྱོར་ཡོད་འདུག་ལ། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མཆོག་གིས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཁ་བཏགས་གཡོགས། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་དབུ་འཁྲིད་དེ་སྤྱི་ལེ་༢ ཙམ་གྱི་སར་ཡོད་པའི་རྒྱ་བོའི་ལྷ་ཁང་གི་བར་དུ་སེར་སྦྲེངས་བྱས་ནས་ཕེབས། མཚན་མོ་གཟིམ་ས་དང་དགོང་མོའི་གསོལ་ཚིགས་ཚང་མ་རྒྱ་བོའི་ལྷ་ཁང་གིས་གོ་སྒྲིག་མཐུན་འགྱུར་གནང་ཡོད་པ་རེད།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༨ ལ།

{jcomments on}

Share this:
༧༢ ཀློག་གྲངས།