སྡུག་བདེན་གསུམ་སོ་སོའི་ངོ་བོ་ངོས་འཛིན་ཚུལ།

དེ་ཡང་བོད་ཀྱི་བླ་མ་མཁས་པ་ཞིག་གིས་གསུངས་བཞག་པའི་ཚིག་དེ་གསལ་པོ་ཞེ་པོ་ཞིག་འདུག མ་གཞི་ནས་རྣམ་འགྲེལ་ནང་ལ་ཚིག་གཅིག་ཡོད་པ་རེད། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས།། སྡུག་བསྔལ་སྒོམ་པར་གསུངས་པ་ཡིན།། ཞེས་པའི་རྣམ་འགྲེལ་གྱི་ཚིག་ཅིག་ཡོད་པ་རེད། དཔལ་ལྡན་ཆོས་གྲགས་ཀྱིས། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། སྡུག་བསྔལ་བསམ་དགོས་པ་རེད། སྡུག་བསྔལ་སྒོམ་དགོས་ཀྱི་རེད་གསུངས་པའི་སྡུག་བསྔལ་དེ་འདུ་བྱེད་ཀྱི་སྡུག་བསྔལ་རེད་ཟེར། སྡུག་བསྔལ་ཤེས་པར་བྱ་གསུངས་བསྡད་པ་དེ། དེའི་འགྲེལ་བཤད་གསལ་བ་ཞིག་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་གི་ནང་ལ་ཡོད་པ་རེད། འཁོར་བའི་ཉེས་བརྒྱ་སེམས་པའི་ཚུལ།། འཁོར་བའི་ཉེས་དམིགས་བརྒྱ་ཕྲག་ཟེར་ནས་དུ་མ་ཡོད་བསྡད་པ་དེ་བསམ་སྟངས་ལ། མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས།། འཇིགས་ནས་ཐར་འདོད་ཕྱུགས་ལའང་ཡོད།། སྡུག་བསྔལ་གྱི་སྡུག་བསྔལ། ཚོར་བ་སྡུག་བསྔལ། ང་རང་ཚོ་ཚང་མས་ཤེས་བསྡད་པའི་ཚོར་བ་སྡུག་བསྔལ་དེ། སྡུག་བསྔལ་དུ་ཤེས་པའི་ཐོག་ནས་སྡུག་བསྔལ་དེ་ལས་ཐར་འདོད་དེ་དུད་འགྲོ་ལ་ཡང་ཡོད་པ་རེད་ཟེར། དཔེར་ན་ཁྱི་ལྟ་བུ་ལ་རྒྱུག་པ་འདི་ལྟར་འཁྱེར་ན་བྲོས་འགྲོ་ཡི་འདུག་གཱ ག་རེ་རེད་ཟེར་ན། རྒྱུག་པ་གཞུས་པ་ཁོ་ལ་ན་ཟུག་གཏོང་གི་ཡོད་པ་རེད། ཁོས་སྔ་མོ་ན་ཚ་ཞིག་བཟེད་མྱོང་བ་ཡིན་ཙང༌། ཨོ། མི་འདིས་རྒྱུག་པ་འཕྱར་ཡོང་གི། ད་སྡུག་བསྔལ་ཡོང་གི་རེད་བསམ་ནས་བྲོས་འགྲོ་ཡི་ཡོད་པ་རེད། ཁོ་གྲོད་ཁོག་ལྟོགས་ན་ཞེ་པོ་ཞིག་རྒྱུག་ཤར་གློད་ནས་ལྟོ་ཆས་ཤིག་འཚོལ་བར་འགྲོ་བ་དེ། ལྟོགས་པའི་སྡུག་བསྔལ་དེ་སྡུག་བསྔལ་དུ་ཤེས་པའི་ཐོག་ནས། སྡུག་བསྔལ་དེ་ལས་ཐར་འདོད་ཀྱི་བློ་སྐྱེས་ཡོང་གི་ཡོད་པ་རེད། ཤེས་སོང་ངམ། དེ་འདྲ་ཡིན་དུས། མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས།། འཇིགས་ནས་ཐར་འདོད་ཕྱུགས་ལའང་ཡོད།། ཕྱུགས་དུད་འགྲོ་ཚོ་ལའང་ཡོད་པ་རེད་ཟེར། ཟག་བཅས་ཚོར་བ་བདེ་བ་ལས།། ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས།། ཞེས་ཚོར་བ་བདེ་བ། སྤྱིར་ཚོར་བ་བདེ་བ་ལ་སངས་རྒྱས་ཀྱི་ས་ལའང་ཚོར་བ་བདེ་བ་ཡོང་གི་རེད། ཐར་པའི་ས་ལའང་ཚོར་བ་བདེ་བ་ཡོང་གི་རེད། དགྲ་བཅོམ་པ་དག་ས་ལ་གནས་པའི་བྱང་ཆུབ་སེམས་པ་ཚོ་ལའང་ཚོར་བ་བདེ་བ་ཡོང་གི་རེད། དེ་འདྲའི་ཚོར་བ་དེ་ང་ཚོའི་ངོ་ཐོག་རང་བླང་བྱ་དེ་རེད། ངོ་ཐོག་གི་སྒྲུབ་བྱ་དེ་རེད། དེ་མིན་གྱི་ཚོར་བ་བདེ་བ་མང་པོ་ཞིག་རྩ་བ་ནས་མཐར་ཐུག་དེ་ཉོན་མོངས་པའི་གཞན་དབང་དུ་གྱུར་བསྡད་པ་ཞིག ཉོན་མོངས་ཀྱི་གཞན་དབང་དུ་གྱུར་བསྡད་པའི་ཕུང་པོ་དེ་དང་འབྲེལ་སྡོད་མཁན་གྱི་ཚོར་བ་མང་པོ་ཞིག གང་ལྟར་དེ་ཉོན་མོངས་ཀྱི་གཞན་དབང་ཞིག་ཆགས་བསྡད་འདུག་གཱ དེ་འདྲ་ཡིན་དུས། ཚོར་བ་བདེ་བའི་ནང་ལ་ཟག་བཅས་ཀྱི། ཉོན་མོངས་པ་དེ་ལ་ཟག་པ་ཟེར་གྱི་ཡོད་པ་རེད། ཉོན་མོངས་པའི་གཞན་དབང་ཅན་དེ་ལ་ཟག་པ་དང་བཅས་པ་ཟེར་གྱི་ཡོད་པ་རེད། དེ་ལྟ་བུའི་ཟག་པ་དང་བཅས་པའི་ཚོར་བ་བདེ་བ་ཞིག་ཡིན་ཕྱིན་ཆད་ལ། དེ་སྡུག་བསྔལ་བའི་རང་བཞིན་རེད་ཟེར། འགྱུར་བའི་སྡུག་བསྔལ་ཟེར་བསྡད་པ་དེ་རེད། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ་ཟེར་བསྡད་པའི་སྡུག་བསྔལ་རིམ་པ་གཉིས་པ་དེ་རེད། ང་ཚོ་མང་པོ་ཞིག་འཛམ་བུ་གླིང་འདི་སྒང་ལ་བདེ་སྐྱིད་དུ་བརྩིས་བསྡད་པ་མང་པོ་ཞིག་ཟག་བཅས་ཀྱི་ཚོར་བ་བདེ་བ་རེད་འདུག་གཱ དཔེ་ཆ་བཞག་ན། ངས་ནམ་རྒྱུན་ཕྱི་རྒྱལ་བ་དེ་ཚོ་ལ་རྟག་པར་བཤད་བསྡད་ཀྱི་ཡོད། ཁོང་ཚོས་མོ་ཊ་མང་པོ་དེ་འདྲ་ཉོས། སྔོན་ལ་མོ་ཊ་Advertisingདྲིལ་བསྒྲགས་ཀྱི་བྱེད་སྒོ་བྱས། མོ་ཊ་ཚོས་གཞི་ཡག་པོ། བཟོ་ལྟ་ཡག་པོ། ཞེ་པོ་འགའ་བཅོ་བརྒྱད་ཡོད་པ་རེད་ཟེར་ནས། དྲིལ་བསྒྲགས་ཞེ་པོ་བྱེད་དུས། ཁོ་ལ་དངུལ་ཏོག་ཙམ་ཡོད་ན། མོ་ཊ་ཉོ་སྙིང་འདོད་ནས་ཚ་གི་ཚིག་གེ་བཟོས་ནས། དེ་ནས་ཁོས་མོ་ཊ་ཉོས་ཚར་དུས་སྐྱིད་ཐག་འདྲ་པོ་ཆོད་ནས། ད་ཡིན་ན་འདོད་པའི་དོན་གཙོ་བོ་དེ་འགྲུབ་སོང་བསམ་པ་འདྲ་པོ་ཞིག རྨི་ལམ་ལ་ཡང་མོ་ཊ་དེ་བཏང་ནས། ཕལ་ཆེར་བསྡད་ཀྱི་རེད། ཤེས་སོང་ངཱ༌། མོ་ཊ་དེའི་སྒང་ལ་དུག་སྦྲང་ཞིག་སླེབས་པ་ཡིན་ན་ཡང་མ་བཟོད་པ་བྱས་ནས། ངའི་མོ་ཊའི་སྒང་ལ་དུག་སྦྲང་ཞིག་བབས་སོང༌། དུག་སྦྲང་གིས་འདིའི་སྒང་ལ་སྐྱག་པ་གཏོང་གི་རེད་བསམ་པ་འདྲ་པོ་དེ་འདྲ་དྲན་གྱི་རེད་པཱ། དུག་སྦྲང་གིས་ཅིག་གཏོང་ཡོང་ངམ། ཐིགས་པ་འདྲ་པོ་ཞིག་བརྒྱབ་ཀྱི་རེད། ཅིག་གཡུག་བཞག་གི་རེད། དེ་འདྲ་ཡིན་དུས་མོ་ཊ་བརྡབ་ཆག་ཤོར་ན་ཨ་ཅང་ཅང༌། དེའི་སྒང་ལ་འབུ་ཞིག་ཕྱིན་པ་ཡིན་ན་ཡང༌། དེ་ངའི་མོ་ཊའི་སྒང་ལ་བབས་སོང་བསམ་པ་འདྲ་པོ་ཞིག དེ་འདྲ་ཞིག་གི་བདེ་བའི་འབྱུང་གནས། འདོད་བྱའི་དོན་ཡིད་དུ་འོང་བ་མཐར་ཐུག་པ། ཕྱོགས་མཐའ་དག་ནས་བརྒྱ་ཆ་བརྒྱ་ཐམ་པ་ཡིད་དུ་འོང་བ་མཐོང་བའི་ཆ་ནས་དེ་ལ་ཞེན་ཅིང་ཆགས་པའི་ཆགས་པ། གལ་ཏེ་མི་ཞིག་ཕར་ཚུར་ཕྱིན་ནས། དཔེར་ན་ང་ཚོ་བོད་པ་འདྲ་པོ་ཞིག་གིས་ཡར་མར་ཕྱིན་ནས་མོ་ཊ་དེའི་སྒང་ལ་མི་ཞིག་གིས་ཐུ་ལུད་ཅིག་བརྒྱབ་ན། འོ་ཙི། མི་དེ་ཁོང་ཁྲོ་ཟ་ཡི་རེད། ཁོ་སྤྲང་པོ་དེས་ངའི་མོ་ཊའི་སྒང་ལ་ཐུ་ལུད་བརྒྱབ་ནས། ལུད་པ་གཡུག་ནས་ཟེར་ཁོང་ཁྲོ་ལམ་སང་ཟ་ཡི་རེད། ཟ་ཡི་འདུག་གཱ ག་རེ་རེད་ཟེར་ན། ཁོ་མོ་ཊ་དེ་ལ་ཧ་ཅང་ཞེན་ཅིང་ཆགས་པའི་བློ་ཡོད་པ་ཡིན་དུས་ཙ་ནས། དེའི་མི་མཐུན་ཕྱོགས་ཅུང་ཟད་ཅིག་འཕྲད་པ་ཡིན་ན་ཡང་ཞེ་སྡང་སྐྱེ་ཡོང་གི་འདུག་གཱ བྱས་ཙང་འདོད་ཆགས་དང་ཞེ་སྡང་གཉིས་པོ་དེ་དེ་ལྟར་འགྲོ་བསྡད་ཀྱི་ཡོད་པ་རེད། ག་ཚད་ཀྱི་ཞེན་ཆགས་ཆེ་བ་ཡོད་བསྡད་པ་དེའི་ཚད་ཀྱིས་ཞེ་སྡང་ཆེ་བ་ཡོང་བསྡད་པ་ཕལ་ཆེར་ཡོད་པ་རེད། དེ་འདྲ་ཡིན་དུས། དེ་ཉི་མ་གཅིག་ཕྱིན། བདུན་ཕྲག་གཅིག་ཕྱིན། ཟླ་བ་གཅིག་གཉིས་ཤིག་ཕྱིན་ན་ད་གིན་ཨ་གསར་དེ་མར་ཡལ་ནས། གང་འཚམས་ཤིག་ནས་མོ་ཊ་གཞན་དག་ཅིག་མཐོང་བ་ཡིན་ན། ངའི་མོ་ཊ་འདི་སྡུག་ཅག་ཞེ་པོ་ཞིག་འདུག ལྗིད་ཁོག་ཆེ་བ་ཞིག་འདུག འདི་གཏོང་དུས་གྟཎཔྱདལ་མགྱོགས་སྤོ་རྒྱུ་དེ་ཁག་པ་ཞིག་འདུག ད་ཅ་མ་ཟིང༌། སྣུམ་འདི་ཡང་འགྲོ་སོང་ཆེ་བ་ཞིག་འདུག སྐད་དེ་ཡང་ཚ་བ་ཞིག་འདུག་བསམ་པ་དྲན་གྱི་རེད་པཱ།

ཁོས་མོ་ཊ་དེའི་སྐྱོན་འདྲ་པོ་དེ་དག་མཐོང་ནས་ད་གིན་ཟླ་བ་ཁ་ཤས་གོང་ལ་མོ་ཊ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་དུ་འོང་བ་མཐོང་བསྡད་པ་དེ་ལ་རྦད་དེ་འགྱུར་བ་ཕྱིན་ནས། ངས་མོ་ཊ་འདི་གཅིག་བྱས་ན་སྟེར་འཇོག་དགོས་མིན་ནམ། ཡང་ན། འུ་ཐུག་ན་ངས་མོ་ཊ་འདི་གཡང་ལ་གཡུག་བཞག་དགོས་མིན་ནམ་བསམ་པ་དེ་ཕལ་ཆེར་དྲན་གྱི་རེད། མོ་ཊ་སྔར་ཡིད་དུ་འོང་བ་མཐོང་ནས་སྲེད་ཞེན་དྲག་པོ་སྐྱེ་སའི་ཡུལ་གཅིག་ཉིད་ཕྱིས་སུ་ཞེ་སྡང་སྐྱེ་ས། མི་དགའ་བ་སྐྱེ་ས། སུན་སྣང་སྐྱེ་ས་ཞིག་ཆགས་ཀྱི་འདུག་གཱ དེ་ལ་འགྱུར་བའི་སྡུག་བསྔལ་ཟེར་གྱི་ཡོད་པ་རེད། དཔེར་ན་ཕྱི་རྒྱལ་གྱི་མི་དེ་འདྲ་འདི་གར་ཁ་ཤས་ཡོང་གི་འདུག་གཱ སྔོན་ལ་མིང་མེད་པའི་དཀའ་ལས་ཀྱིས། མིང་ཡོང་བའི་དོན་དག་ལ་དཀའ་ལས་འདྲ་པོ་ཞེ་པོ་ཞིག་བརྒྱབ། རྗེས་མ་མིང་འདྲ་པོ་གང་འཚམས་ཆགས་ནས་དཔར་རྒྱག་མཁན་འདྲ་པོ་ཞིག ག་པར་ཕྱིན་པ་ཡིན་ན་ཡང་ཚག་ཤག་ཚག་ཤག་ཟེར་དཔར་འདྲ་པོ་བརྒྱབ་མཁན་བྱུང་ན་སུན་པ་ལ་ཟེར་ཡང་སུན་འགྲོ་གི་འདུག་གཱ ང་ལ་ཡང་དེ་འདྲ་འདྲི་མཁན་ཞེ་དྲག་ཡོང་གི་འདུག སུན་གྱི་མི་འདུག་གམ་ཞེས་འདྲི་མཁན་ཡོང་གི་འདུག ང་ལ་ཚོར་བ་གང་ཡང་མེད། མིས་ག་རེ་བྱས་ནའང་བྱས། ཁོ་རང་གཡུག་ཞོག ང་རང་ངོས་ནས་བསམ་པ་རྣམ་དག་བྱས་བཞག་ན། གཡས་ནས་དཔར་བརྒྱབ་ན་གཡུག་བཞག གཡོན་ནས་དཔར་བརྒྱབ་ནའང་གཡུག་བཞག་ན་ཚོར་བ་གང་ཡང་མི་འདུག ཁོ་ལ་དོ་སྣང་འདྲ་པོ་ཞེ་པོ་བྱས་བསྡད་ན་སུན་རྒྱུ་དེ་ཕལ་ཆེར་རེད།

དཔེར་ན་གཏམ་སྙན་གྲགས་འདྲ་པོ་མེད་དུས། གཏམ་སྙན་གྲགས་ཡོང་རྒྱུའི་དོན་དག་ལ་དཀའ་ལས་ག་ཚད་རྒྱག་གི་འདུག་གཱ གད་མོ་བགད་ན་ཨེ་དྲག རྔན་པ་སྤྲད་ན་ཨེ་དྲག སྤྲོ་སྐྱིད་བཏང་ན་ཨེ་དྲག ག་རེ་བྱས་ནས་བྱུང་ན་ཡང་མིང་ཡོང་རྒྱུའི་དོན་དག་ལ་ཞེ་པོ་ཞིག་བྱེད་དགོས་ཀྱི་འདུག་གཱ མིང་གང་འཚམས་ཞིག་བྱུང་ནས་མི་མང་པོ་ལྟ་རུབ་འདྲ་པོ་བརྒྱབ་པའི་སྐབས་ལ་སུན་ཐག་འདྲ་པོ་ཆོད་ནས་འགྲོ་སྡོད་ཀྱི་འདུག་གཱ འགྱུར་བའི་སྡུག་བསྔལ་ཤེས་སོང་ངམ། གཏམ་སྙན་གྲགས་ལ་བརྟེན་ནས་སྡུག་བསྔལ་ཡོང་བསྡད་པ། ལྟོ་གོས་ལ་བརྟེན་ནས་སྡུག་བསྔལ་ཡོད་བསྡད་པ། གཉེན་ཉེ་དུ་ལ་བརྟེན་ནས་སྡུག་བསྔལ་ཡོང་བསྡད་པ། གནས་ཁང་ལ་བརྟེན་ནས་སྡུག་བསྔལ་ཡོང་བསྡད་པ། གང་ལྟར་མཐོན་པོའི་མཐའ་མར་ལྟུང་བ། བསགས་པའི་མཐའ་མར་འཛད་པ། འགྲོགས་པའི་མཐའ་མ་འབྲལ་བ། མཐོན་པོའི་མཐའ་མར་གུད་པ། ཚང་མ་གསུང་གི་འདུག་གཱ དེ་དག་འགྱུར་བའི་སྡུག་བསྔལ་ཟེར་བ་གཅིག་ཀྱང་ཡོད་པ་རེད། ཧོབ་སྟེ་ཁ་ལ་བདེ་བ་འདྲ་ཞིག་ཡོད་པ་རེད། རེད་དེ་ཁོ་རྒྱུ་མ་དག་པ་ལས་སྐྱེས། རྒྱུ་ཉོན་མོངས་པའི་དབང་གིས་བྱས་ནས། ཉོན་མོངས་པའི་གཞན་དབང་ཡིན་དུས། དེས་ཉོན་མོངས་སྐྱེ་བའི་གྲོགས་བྱེད་པ། དེས་སྡུག་བསྔལ་སྤྲད་པ་ཞིག་ཡོང་གི་ཡོད་པ་ཡིན་དུས། ཟག་བཅས་ཀྱི་ཚོར་བ་བདེ་བ་ཚང་མ་སྡུག་བསྔལ་བ་རེད་ཅེས་གསུངས་ཀྱི་ཡོད་པ་རེད། ཚོར་བ་སྡུག་བསྔལ་རེད་ཟེར་གྱི་ཡོད་པ་མ་རེད་དེ། སྡུག་བསྔལ་བ་རེད་ཟེར་གྱི་ཡོད་པ་རེད།

 

སྡུག་བསྔལ་དང་སྡུག་བསྔལ་བ་གཉིས་ལ་ཁྱད་པར་ཆེ། དེ་འདྲ་ཡིན་དུས། ཟག་བཅས་ཚོར་བ་བདེ་བ་ལས།། ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས།། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་སྡུག་བསྔལ་ཡིན་པ་ཤེས་པ་དེ་མུ་སྟེགས་པ་ལ་ཡང་ཡོད་པ་རེད། སྤྱིར་བཏང་ང་ཚོའི་མི་ལ་ཕལ་ཆེར་ཡོད་པ་མ་རེད་དེ། ཡིན་ན་ཡང་མུ་སྟེགས་པའི་ཏིང་ངེ་འཛིན་དོན་དུ་གཉེར་མཁན། བསམ་གཟུགས་སྒོམ་མཁན་དེ་ཚོའི་གྲས་ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་ཡིད་འབྱུང་ནས། འདོད་པའི་ཡོན་ཏན་ལ་རྦད་དེ་ཉེས་དམིགས་སུ་མཐོང་ནས། དེ་ལས་ཡིད་ཐག་བསྲིང་ནས་ནང་གི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་ནས་ཏིང་ངེ་འཛིན་རྩེ་གཅིག་ཏུ་སྒོམ་རྒྱུ། མདོར་ན་ཁམས་གོང་མ་དེ་ཞི་བ་ལ་བལྟས། རང་ས་ཡིན་ན་ཡང་འདྲ། འདི་ལྟར་ལབ་ན་ཡག་པོ་མེད་དམ། གོང་ས་ཞི་བ་བལྟས། རང་ས་རགས་པ་ལ་བལྟས་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་མཁན་ཟེར་བ་དེས་ཟག་བཅས་ཀྱི་ཚོར་བ་བདེ་བ་ལའང་ཡིད་སུན་གྱི་འདུག་གཱ བྱས་ཙང༌། དེ་འདྲ་ཡིན་དུས། ཟག་བཅས་ཚོར་བ་བདེ་བ་ལས།། ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས།། ད་འོ་ན་ནང་པ་སངས་རྒྱས་པས་སྡུག་བསྔལ་སྒོམ་སྟངས་ག་རེ་རེད་ཟེར་ལབ་ན། དེས་ན། དེ་ཕྱིར། ཟེར་རྒྱུ་མཚན་བཀོད་ནས། དེས་ན་འདུ་བྱེད་རང་བཞིན་གྱི།། ཉེ་བར་ལེན་པའི་ཕུང་པོ་འདི།། སྡུག་བསྔལ་གྲུབ་དང་འགྲུབ་པའི་སྣོད།། ནས་དང་འབྲས་དང་ཟུག་རྔུ་ལྟར།། དམིགས་ནས་སྒོམ་ན་བྱིང་གཡོ་ལ།། ཉེ་བར་ལེན་པ་ཟེར་བ་དེ་འདུ་བྱས་པ། ཅིག་བཟོ་མཁན། ལས་ཉོན་གཉིས་དེར་ཟེར་གྱི་ཡོད་པ་རེད། ལས་ཉོན་གཉིས་ཀྱིས་ཉེ་བར་ལེན་པ་བྱས་ནས་དེས། མི་འདོད་པ་ཞིག་ཁོས་འགྲུབ་ཡོང་གི་ཡོད་པ་རེད། དེའི་དབང་གིས་འབྱུང་བའི་ཕུང་པོ་དེ་ལ་ཉེར་ལེན་གྱི་ཕུང་པོ་ཟེར་ལབ་པ་རེད། ཤེས་སོང་ངམ། ལས་ཉོན་ལ་ཉེར་ལེན་གྱི་མིང་བཏགས་ནས་དེའི་དབང་གིས་གྲུབ་བཞག་པའི་ཕུང་པོ་དེ་ལ་ཉེར་ལེན་གྱི་ཕུང་པོ་ཟེར། བྱས་ཙང་ཉེ་བར་ལེན་པའི་ཕུང་པོ་འདི། ལས་ཉོན་གྱི་གཞན་དབང་ཅན་ཡིན་དུས་ཙ་ནས། ལས་ཉོན་གྱི་གཞན་དབང་ཅན་ཡིད་བསྡད་མཁན་ཚང་མ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་གྱི་འདུག སྡུག་བསྔལ་འདུ་བྱེད་པ། སྡུག་བསྔལ་བཟོས་ཡོང་མཁན། སྡུག་བསྔལ་གྱི་གཞི་བྱས་ཡོང་མཁན། སྡུག་བསྔལ་གྱི་རྨང་གཞི་འདྲ་པོ་བྱས་ཡོང་མཁན། དེ་བཤད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། ནས་དང་འབྲས་དང་ཟུག་རྔུ་ལྟར།། དམིགས་ནས་སྒོམ་ན་བྱིང་གཡོ་ལ།། དེ་འདྲའི་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཤེས་པ་ཞིག་བྱུང་ན། འདུ་བྱེད་ཀྱི་སྡུག་བསྔལ་དེ་ལས་ཐར་འདོད་ཀྱི་བློ་སྐྱེས་ཡོང་དུས་ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་ཡིད་མི་ཆགས་པ་དང༌། དེ་རིགས་རང་ཤུགས་ཀྱིས་ཡོང་བསྡད་པ། འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་དུ་ཤེས་ཡོང་དུས། སྡུག་བསྔལ་དེ་ལས་ཐར་བའི་གནས་སྐབས་དེར་ཐར་པ་ཟེར་གྱི་ཡོད་པ་རེད། ཐར་པ་ཟེར་བ། སྤྱིར་མུ་སྟེགས་ཀྱི་གཞུང་ནང་ལའང་མུ་སྟེགས་པའི་གྲུབ་མཐའ་ཁ་ཤས་ཀྱིས་ཐར་པ་བཤད་ཀྱི་ཡོད་པ་རེད་དེ། དེ་འདྲའི་ཐར་པ་ངོས་འཛིན་གྱི་ཡོད་པ་མ་རེད། སངས་རྒྱས་པའི་གཞུང་ནས་ཐར་པ་ཟེར་བ་དེ་བདག་འཛིན་ཉོན་མོངས་ལ་བཞག་ནས་ཉོན་མོངས་ཟེར་བ་དེའི་དབང་དུ་ཡོད་ཕྱིན་ཆད་ལ་གཏན་དུ་བདེ་བ་ཡོད་པ་མ་རེད། ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་ཉོན་མོངས་ཀྱི་གཞན་དབང་ལས་ཐར་བ་ཞིག་དགོས་པ་རེད། ཉོན་མོངས་པའི་དགྲ་ལས་རྒྱལ་བ་ཞིག་དགོས་པ་རེད། ཉོན་མོངས་པའི་དགྲ་ལས་རྒྱལ། ཉོན་མོངས་པའི་དགྲ་ལས་ཐར་པ་དེ་ཐར་པ་རེད་ཟེར། ཤེས་སོང་ངམ། དེ་འདྲའི་ཐར་པ་དོན་གཉེར་གྱི་བློ་ངོ་མ་དེ་ཡོང་གི་འདུག་གཱ ཐར་པ་ཟེར་ལབ་དུས་དག་ཞིང་གི་བཟོ་པོ་ཞིག་ལ་བརྩིས་ནས། དེ་རུ་སྐྱེ་བར་ཤོག་ཅེས་ལབ་ན་དེ་ཙམ་ཚད་མཐོན་པོ་མ་རེད། འདུ་བྱེད་ཀྱི་སྡུག་བསྔལ་ཤེས་པའི་ཐོག་ནས་དེ་ལས་ཐར་བ་ཞིག་བྱ་བསམ་པའི་བློ་སྐྱེས་ཡོང་དུས་ཐར་པ་དོན་གཉེར་གྱི་བློ་ངོ་མ་དེ་དེ་ཡིན་པ་རེད། དེ་འདྲ་ཡིན་དུས་སྡུག་བསྔལ་ཤེས་པར་བྱ་གསུངས་པའི་གནད་འགག་དེ་རེད་འདུག སྡུག་བསྔལ་ལས་ཐར་ན་བསམ་པའི་བློ་ཞིག་སྐྱེས་ཡོང་དུས། སྡུག་བསྔལ་ལས་གང་འདྲ་བྱས་ནས་ཐར་དགོས་པ་རེད་ཟེར་ན། འདུ་བྱེད་ཀྱི་སྡུག་བསྔལ་ཤེས་པའི་ཐོག་ནས་དེ་ལས་ཐར་བའི་བསམ་བློ་ཞིག་འཁོར་ཡོང་དུས་ནས་སྡུག་བསྔལ་གྱི་རྒྱུ་ཡོད་དང་མེད། སྡུག་བསྔལ་གྱི་རྒྱུ་ཡོད་ན་སྡུག་བསྔལ་གྱི་རྒྱུ་དེ་ལ་མེད་པ་བཟོ་ཐབས་ཡོད་དང་མེད། མེད་པ་བཟོ་ཐུབ་དང་མ་ཐུབ་ཟེར་བ་དེ་སྡུག་བསྔལ་གྱི་རྒྱུ་དེ་ལ་འགལ་ཟླའི་ཆོས་ཡོད་དང་མེད། འགལ་ཟླའི་ཆོས་ཡོད་ན། སྡུག་བསྔལ་གྱི་རྒྱུ་དེ་ལ་འགལ་ཟླ་ཞིག་ཡོད་ན་བསམ་བློ་གཏོང་རྒྱུ་ཞིག་ཡོད་པ་རེད། སྡུག་བསྔལ་གྱི་རྒྱུ་དཔེར་ན་འདོད་ཆགས། ཞེ་སྡང༌། ང་རྒྱལ་དེ་ཚོའི་གྲས་དེར་འགལ་ཟླ་འདུག་གཱ ཞེ་སྡང་ཟེར་ལབ་དུས་ཞེ་ནས་སྡང་བ། ཞེ་ཐག་པ་ནས་མི་དགའ་བ། དེ་ལ་སྡང་བའི་སེམས། གནོད་པའི་སེམས། འཁོན་དུ་འཛིན་པའི་སེམས། ཤུགས་ཆེན་པོ་ཡོད་བསྡད་པའི་བློ་ཞིག་འདུག་གཱ ཞེ་སྡང་ཟེར་གྱི་འདུག་གཱ།

Share this:
༡༨༡ ཀློག་གྲངས།