རྔ་པ་ཁུལ་དུ་རྒྱ་གཞུང་གི་དྲག་གནོན་མྱུར་དུ་མཚམས་འཇོག་དགོས།

ཟླ་འདིའི་ཚེས་༢  ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་མོན་གྷོ་ས་གནས་སུ་ཡོད་པའི་གདན་ས་ཆེན་པོ་དགའ་འབྲས་གཉིས་དང་། ས་སྐྱ། ར་སྟོད་སོགས་ཀྱི་གཙོས་གྲྭ་ཚང་ཁག་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ཀྱི་གྲྭ་བཙུན་ཡོངས་ཀྱིས་གསར་འགོད་གསལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

gangjong_tsolen01ལས་འགུལ་དེའི་ཐོག་ཏུ་གདན་ས་གྲྭ་ཚང་ཁག་གི་མཁན་པོ་དང་དགེ་བསྐོས་རྣམ་པ་དེ་བཞིན་གྲྭ་མང་དང་བཙུན་མ་བཅས་ཧ་ཅང་ཕོན་ཆེན་འདུ་མཛོམས་གནང་ཡོད་པ་དང་། དེ་ཡང་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་གཙོས་དཔའ་བོ་དཔའ་མོ་རྣམས་དང་། ད་ལྟ་རྒྱ་ནག་དམར་པོའི་བཙན་འོག་ན་དཀའ་སྡུག་མྱོང་བཞིན་པའི་ཀིརྟི་དགོན་པའི་དགེ་འདུན་པ་རྣམ་པས་གཙོས་བོད་ནང་གཞིས་ལུས་རྒྱ་ཆེ་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་སྐར་མ་གཉིས་རིང་ངག་བཅད་ཞུས་སོང།

དེ་རྗེས་དགེ་འདུན་པ་རྣམས་ཀྱི་སྐུ་ཚབ་དགའ་བྱང་དགེ་བསྐོས་དགེ་འདུན་ཤཱཀྱ་དང་།  ས་འཐུས་ཚོགས་གཞོན་བསོད་ནམས་རྡོ་རྗེ། དགེ་ལུགས་སྤྱི་འཐུས་འོས་ཐོན་པ་ཨ་ཀྲུག་ཚེ་བརྟན་བཅས་ནས་རིམ་པས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ཆེས་ཛ་དྲག་ཆེ་བའི་རྔ་བ་ཀིརྟི་དགོན་པ་གཙོས་གཞིས་ལུས་སྤུན་ཟླ་ཡོངས་ལ་འཕྲད་བཞིན་པའི་དཀའ་ངལ་དག་སེལ་ཆེད་དུ་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་གང་ཐུབ་ཅི་ནུས་ཀྱི་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། སྔོན་མ་དང་མ་འདྲ་བར་ད་སྐབས་ལས་འགུལ་གང་ཞིག་སྤེལ་ཀྱང་ཏོག་ཙམ་ནུས་པ་ཐོན་གྱི་ཡོད་པ་གསལ་པོ་རེད། དེར་བརྟེན་༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་གཞུང་མང་གཉིས་ཀས་ཚོར་བ་ཡོད་པའི་སྒོ་ནས་བོད་སྐྱོབས་ལས་འགུལ་གང་ཐུབ་ཅི་ནུས་སྤེལ་དགོས་པ་དང་། ལྷག་དོན་བོད་ནང་གི་ཛ་དྲག་གནས་ཚུལ་དང་། ང་ཚོས་གང་སྤེལ་བའི་ལས་འགུལ་དག་རྒྱལ་སྤྱི་རང་བཞིན་དུ་འགྱུར་ཐུབ་བའི་རེ་བ་དང་འབད་བརྩོན་དགོས་སྐོར་སོགས་གསུངས་སོང་།

gangjong_tsolen02དེ་བཞིན་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ནང་བསྟན་མྱུར་སྐྱོབ་འབོད་སྒྲ་ཞེས་པའི་བསྒྲགས་གཏམ་དེའི་ནང་འཁོད་དོན། ཆོས་ལུགས་དུག་ཏུ་འདོད་པའི་རྒྱ་དམར་གཞུང་གིས་དུས་རབས་གོང་མའི་དུས་དཀྱིལ་ཙམ་ནས་བཟུང་བོད་གངས་ཅན་ལྗོངས་ཀྱི་ནང་པའི་དགོན་པ་དྲུག་སྟོང་ཙམ་རྩ་གཏོར་བཏང་བ་དང་ཉེས་མེད་ཆོས་བྱེད་དགེ་འདུན་པ་ཁྲི་ཚོ་མང་པོ་དུས་མིན་རྐྱེན་ལམ་དུ་བཏང་ཡོད་པ་རེད།  དུས་རབས་གསར་བ་འདིར་མུ་མཐུད་གྲྭ་པ་རྣམས་འཛིན་བཟུང་བཙན་འཁྲིད་དང་དད་ལྡན་མང་ཚོགས་ལ་བཅར་རྡུང་དྲག་གནོན་བྱས་ཏེ་ཛ་དྲག་གི་གནས་སྟངས་འོག་ཚུད་ཡོད་པའི་ཐད།  སྟོན་པ་དང་བསྟན་པ་གཅིག་ཏུ་གྱུར་པའི་འཛམ་གླིང་ཤར་ནུབ་ཀྱི་དགོན་སྡེ་དང་གྲྭ་ཚང་། ཆོས་ཚོགས། ཆོས་གྲོགས་ཡོངས་ལ་འབོད་སྐུལ་ཞུ་རྒྱུར།

རྒྱ་གཞུང་གིས་གཏིང་གནག་པའི་སྲིད་བྱུས་འོག་རྔ་པ་ཀིརྟི་དགོན་ཆེན་གཙོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟི་གནས་དགོན་པ་རྣམས་བཙོན་ཁང་ལྟ་བུའི་ངོ་བོར་བསྒྱུར་བས་གྲྭ་པ་རྣམས་ཀྱིས་སྡུག་སྦྱོང་མནར་གཅོད་ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་མྱངས་དང་མྱོང་བཞིན་ཡོད་ལ། ཉེ་སྔོན་རྔ་པ་ཀིརྟི་དགོན་ཆེན་དམ་དྲག་འོག་ཟླ་བ་གཅིག་དང་ཞག་དྲུག་སོང་མཚམས་དགེ་འདུན་པ་དགུང་ལོ་༡༨ ནས་༤༠ བར་ཡོད་པ་དག་བཙན་འཁྲིད་བྱེད་རྒྱུའི་འཆར་གཞི་ཡོད་པ་སྔོན་ནས་མང་ཚོགས་ཀྱིས་གོ་ཐོས་ཡོད་པ་བཞིན། ཕྱི་ཟླ་༤ ཚེས་༢༢ ཉིན་གྱི་ཐོ་རེངས་ལ་གྲྭ་པ་༣༠༠ ལྷག་དུས་གཅིག་ཏུ་ཕྱི་ལ་བཙན་ཁྲིད་ཟིན་པ་དང་། ད་དུང་ཡང་བཙན་ཁྲིད་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཡོང་གཞིན་ཡོད།

གྲྭ་པ་རྣམས་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཆེ་ཞིང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པར་མ་ཟད།  ཆོས་སྡེ་དེས་མཚོན།  བོད་ཀྱི་དགོན་སྡེ་རྣམས་རྨེག་མེད་དུ་འཇོམས་པའི་སྲིད་བྱུས་ངན་པ་ལག་ལེན་དུ་བསྟར་མུས་ལ་བརྟེན།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་དྲང་བདེན་ལ་དགའ་བའི་ཚོགས་སྡེ་དང།  རྒྱལ་ཁབ། མི་སྒེར་བཅས་ཚང་མས་རྒྱབ་སྐྱོར་ཐོབ་ཆེད་དུ།  ད་ལམ་རྒྱ་གར་ནང་ཡོད་པའི་ནང་བསྟན་དགོན་སྡེ་ཡོངས་རྫོགས་ཀྱིས་རྔ་པ་ཀིརྟི་དགོན་ཆེན་འདིས་མཚོན་བོད་བརྒྱུད་ནང་བསྟན་ཀྱི་དགོན་སྡེ་རྣམས་ཛ་དྲག་གི་གནས་སྟངས་ཡ་ང་བ་ལས་མྱུར་དུ་སྐྱོབ་པའི་སྐྱབས་འཇུག་དང་འབྲེལ། ནང་པའི་ཆོས་བྱེད་དགེ་འདུན་པའི་རང་དབང་ལ་རྒྱབ་སྐྱོར་གནང་རོགས་ཞེས་ཛ་དྲག་འབོད་སྐུལ་ཞུས་ཡོད་པ་དང་། གཞན་ཡང་བསྒྲགས་གཏམ་དེའི་ནང་དགོས་འདུན་དོན་ཚན་གསུམ་ཡང་བཏོན་ཡོད་པ་རེད།

༡༽ མདོ་སྨད་ཀིརྟི་དགོན་གཙོས་རྔ་པའི་མི་མང་ལ་རྒྱ་གཞུང་གིས་གཅར་རྡུང་དྲག་གནོན་མྱུར་དུ་མཚམས་འཇོག་དགོས་པ་དང་།
༢༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་ཉེས་མེད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ།
༣༽བོད་ཀྱི་དགོན་སྡེ་རྣམས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་མིང་འདོགས་འོག་ཆོས་བྱེད་དགེ་འདུན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་དྲག་པོ་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པ་བཅས་འཁོད་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ནས་མོན་གྷོ་གསར་འགོད་པས།

{jcomments on}

Share this:
༡༡༥ ཀློག་གྲངས།