ཨ་རི་དང་འཇིགས་སྐུལ་བས་པཱ་ཀི་སི་ཐན་ལ་ཉེན་བརྡ་བཏང་པ།

ཟླ་འདིའི་ཚེས་༥ ཉིན་ཨ་རིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་སཱ་མཱ་བྷིན་ལཱ་དྷན་པཱ་ཀི་སི་ཐན་གྱི་མཐའ་མཚམས་སུ་ལྐོག་ཡིབ་བྱས་ཡོད་པ་སྔོན་དུས་ནས་དོགས་པ་བྱུང་ཡོད་པ་དང། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤིའི་སྐབས་ནས་པཱ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་སོགས་ལ་འབྲེལ་བ་བྱས་ཏེ་འཚོལ་ཞིབ་ཀྱི་འགྲོ་གྲོན་ལ་ཨ་སྒོར་དུང་ཕྱུར་༢༠ ལྷག་ཙམ་བཏང་ཡོད་པ་དང། དེ་བཞིན་རྒྱ་གར་གྱི་ཏཱ་ཇི་མ་མགྲོན་ཁང་ཆེན་མོའི་ནང་འཇིགས་སྐུལ་བ་ཚོས་གཏོར་རྒོལ་བཏང་ཚུལ་སོགས་ལ་དཔག་ནས། ཏཱ་ལའི་བྷན་གྱི་འཇིགས་སྐུལ་བའི་གཏེ་བོ་རྣམས་པཱ་ཀི་སི་ཐན་དུ་གསང་ཡིབ་བྱས་ཡོད་པ་ཤེས་བཞིན་དུ། ད་དུང་པཱ་ཀི་སི་ཐན་གྱི་དཔོན་རིགས་ཚོས་འཇིགས་སྐུལ་བ་དང་འབྲེལ་བ་མེད་ཚུལ་བརྗོད་ཡོད་པ་རེད།

hideout_1886317cད་ཐེངས་བྷིན་ལཱ་དྷན་པཱ་ཀི་སི་ཐན་གྱི་གྲོང་ཁྱེར་དང་ཉེ་བའི་སར་གསང་ཡིབ་བྱས་ཡོད་པ་ཤེས་རྟོགས་བྱུང་ནས། ཨ་རིའི་དམིགས་བསལ་དམག་དཔུང་གིས་རྐྱེན་ལམ་དུ་བཏང་ཡོད་རུང་། ད་དུང་ཡང་པཱ་ཀི་སི་ཐན་གྱི་དཔོན་རིགས་ཚོས་འབྲེལ་བ་མེད་ཚུལ་བརྗོད་ཡོད་པ་རེད། དོན་དུ་བྷིན་ལཱ་དྷན་གྱི་བཟའ་ཟླ་དང་ཕྲུ་གུ་སོགས་ལོ་མང་རིང་སྡོད་སའི་ཁང་ཆེན་ལྕགས་རི་ཅན་དེ་སུས་བརྒྱབ་པ་དང། དེའི་ཁང་བདག་གང་དུ་ཡོད་མེད་ལ་པཱ་ཀི་སི་ཐན་གཞུང་གིས་ལན་ཁ་གསལ་བརྒྱབ་མེད་པ་དང། ཁེ་ན་ཌའི་བརྒྱུད་ལམ་ཁག་ཅིག་གི་ནང། བྷིན་ལཱ་དྷན་གྱི་ཁང་ཆེན་ལྕགས་རི་ཅན་དེ་ས་གནས་དེའི་ཡུལ་མི་ཧི་བྷིལ་མུའུ་ཇཱ་ཧི་ཌིན་ཟེར་བར་མཁོ་སྤྲོད་བྱས་ཡོད་སྐོར་བརྗོད་ཡོད་རུང། ཡུལ་དེའི་མངའ་སྡེའི་བློན་ཆེན་ཨོ་མར་ཨབ་རྡུ་ལར་གྱིས་ཁས་ལེན་བྱས་མེད་པས། འབྱུང་འགྱུར་ཨ་རི་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་པཱ་ཀི་སི་ཐན་དང་ཚོང་འབྲེལ་གྱི་འབྲེལ་ཐག་གཅོད་དགོས་ཞེས། ཨ་རིའི་དཔོན་རིགས་མང་པོས་ནན་བརྗོད་བྱས་ཡོད་པ་དང། པཱ་ཀི་སི་ཐན་གྱི་སྲིད་འཛིན་ཟླ་འདིའི་ཚེས་༤ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སོང་ནས། པཱ་ཀི་སི་ཐན་གཞུང་དང་འབྲེལ་བ་མེད་ཚུལ་ནན་བརྗོད་བྱས་ཡོད་རུང། ཧྤི་རན་སི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་པཱ་ཀི་སི་ཐན་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

བྷིན་ལཱ་དྷན་ལ་རྒྱབ་སྐྱོར་བྱེད་མཁན་པཱ་ཀི་སི་ཐན་གྱི་མི་མང་ཁག་ཅིག་དང་འཇིགས་སྐུལ་བ་ཚོས། ཨ་རིའི་གསང་བའི་དམག་གི་ཐད་འཕུར་གནམ་གྲུ་༤ པཱ་ཀི་སི་ཐན་གྱི་གྲོང་ཁྱེར་དང་ཉེ་སར་ཡོང་ནས་བྷིན་ལཱ་དྷན་བསད་ཡོད་རུང་། ད་དུང་གཞུང་གིས་ཨ་རིའི་གསང་བའི་དམག་དཔུང་ཁང་དང་འབྲེལ་བ་མེད་ཚུལ་བརྗོད་པ་དང། དོན་དུ་པཱ་ཀི་སི་ཐན་གྱི་དཔོན་རིགས་ཚོ་ཨ་རིའི་དངུལ་གྱིས་ཉོས་པ་རེད་ཟེར་ནས་སྐྱོན་བརྗོད་བྱས་ཡོད་པ་དང། འཇིགས་སྐུལ་བ་མང་པོ་ཞིག་གིས་པཱ་ཀི་སི་ཐན་གྱི་དཔོན་རིགས་ཁག་ཅིག མ་འོངས་པར་ལྐོག་གསོད་ཀྱི་ཐོ་གཞུང་དུ་བཀོད་ཚར་ཡོད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

བྷིན་ལཱ་དྷན་བསད་པའི་གནས་ཚུལ་འཛམ་གླིང་ནང་ཁྱབ་པ་དང། ཁ་ཆེའི་རྒྱལ་ཁབ་མང་པོའི་ཡུལ་མི་ཚོས་མྱ་ངན་བྱས་ཡོད་པ་དང། དེ་བཞིན་ཨ་རིའི་རྒྱལ་དར་མེར་བསྲེག་བཏང་ནས་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་སྤེལ་ཡོད་ཅིང། མི་མང་གིས། ཨ་རིས་བསད་དགོས་པའི་མི་དེ་བསད་སོང། ད་ནས་ཨ་རིའི་དམག་དཔུང་རང་ཡུལ་དུ་ལོག་དགོས། ཁ་ཆེའི་ཆོས་ལུགས་འཛིན་མཁན་དང་མི་མང་ལ་ཞི་བདེ་དགོས། དམག་འཁྲུག་དང་རྒོལ་བརྡུང་གིས་མི་མང་གི་དཔལ་འབྱོར་ལ་གྱོང་ཕོག་གི་འདུག་ཅེས་སྐད་འབོད་བྱས་པ་དང། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་མང་དང་ཨ་རིའི་ཚོང་འབྲེལ་ཁང་བརྩེགས་གཏོར་རྒོལ་འོག་རང་སྲོག་ཤོར་མཁན་གྱི་འབྲེལ་ཡོད་མི་སྣ་ཚོས། འཛམ་གླིང་ལ་ཞི་བདེ་ཡོང་རྒྱུ་ཡིན་པའི་དགའ་སྤྲོའི་གླུ་དབྱངས་ལེན་པ་སོགས་ཀྱིས། བྷིན་ལཱ་དྷན་བསད་ནས་ཤར་ཕྱོགས་རྒྱལ་ཁབ་ཀྱི་ཁ་ཆེ་བ་དང་ནུབ་ཕྱོགས་རྒྱལ་ཁབ་གཉིས་ཀྱི་དབར། སླར་ཡང་འཁོན་འཛིན་གྱི་ས་བོན་བཏབ་སོང་ཟེར་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་དང་བསྟུན་ནས་ཨ་རིའི་གཞུང་ཕྱོགས་ནས། བྷིན་ལཱ་དྷན་ཇི་ལྟར་བསད་ཡོད་མེད་ཀྱི་འདྲ་པར་དང་བརྙན་འཁོར་སོགས། གནས་སྐབས་ཁྱབ་བསྒྲགས་བྱེད་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་པ་རེད།།

{jcomments on}

Share this:
༣༤ ཀློག་གྲངས།