ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་བྱང༌།

འདས་པའི་མི་ལོ་ཉི་ཤུ་རྩ་གྲངས་ནང་ལ། གཞི་ནས་བོད་ཀྱི་ནང་ཆོས་ཀྱི་སྡེ་ཚན་གཅིག་གི་ནང་ནས། བོད་ཀྱི་ནང་ཆོས་རིག་གནས་ཀྱི་ནང་ནས། ཚན་རིག་པའི་སྡེ་ཚན་ཁ་ཤས་ཤིག་གིས་སེམས་ཀྱི་ཚན་རིག་པ་དང༌། ཀླད་པའི་ཚན་རིག་པ་དང༌། Physicsརྡུལ་ཕྲ་མོའི་ཚན་རིག དེ་ཚོའི་ནང་ནས་ Quantum Physicsདགོས་ངེས་གྲངས་ཚད། གོང་བུའི་ནུས་ཚད། ཟེར་གྱི་འདུག་གཱ། དེ་ཚོའི་ནང་གཞི་ནས་ནང་པའི་ནང་ནས་རྡུལ་ཕྲ་རབ་ཀྱི་སྐོར་ལ་འགྲེལ་བཤད་གང་འདྲ་ཞིག་རྒྱག་གི་ཡོད་པ། ནང་པས་ཆོས་དེ་དང་དེའི་ངོ་བོ་གཅིག་ཡུལ་སྟེང་ནས་གྲུབ་མེད་པ། བཙལ་ནས་རྙེད་རྒྱུ་མེད་ནའང༌། མིང་རྐྱང་བཏགས་ཡོད་ཙམ་གྱིས་དངོས་པོ་གཅིག་བཞག་ཐུབ་པ། རྟེན་འབྱུང་ཟེར་བ་ཞིག་བཞག་ཐུབ་པ་དེ། དེང་སང་ཚན་རིག་པ་Quantum Physicsདེ་དག་གིས་དངོས་པོ་གང་ཡང་བཙལ་ན་རྙེད་རྒྱུ་མེད་བསྡད་པ། གཟུགས་ཅན་གྱི་དངོས་པོ་གང་ཡང་བཙལ་ན་རྙེད་རྒྱུ་མེད་པ་ཆགས་ཡོང་དུས། དངོས་པོ་དེ་ཡང་ཧ་ལམ་མེད་པ་རེད་ལབ་ན་ནི་འགྲིགས་ཀྱི་ཡོད་པ་མ་རེད། དངོས་པོ་དེ་མིང་རྐྱང་བཏགས་ཡོད་ཙམ་གྱི་དངོས་པོ་གཅིག་བསམ་བློའི་ནང་ད་ལྟ་བར་དུ་མེད་པ་ཡིན་དུས་དེ་དཀའ་ངལ་ཞེ་པོ་ཞིག་འཕྲད་ཀྱི་འདུག་གཱ།

ནང་པས་བཙལ་ནས་ངོ་བོ་ཉིད་ཀྱིས་མ་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད་དེ་ངོ་བོ་ཉིད་ཀྱིས་གྲུབ་ཡོད་པ་མ་རེད། ཡིན་ནའང་བརྟེན་ནས་བཏགས་པ་ཞིག་ཡོད་པ་རེད་ཟེར་ནང་པས་དེ་བཤད་ཀྱི་ཡོད་པ་རེད། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་Quantum Physicsདངོས་པོ་བཙལ་ནས་རྙེད་རྒྱུ་མེད་བསྡད་པ་དེ་ལ། དངོས་པོ་འཇོག་པའི་ཐབས་དེ་ཡུལ་ཅན་ཐ་སྙད་ཀྱི་དབང་གིས་ཡོད་པ་ཟེར་བ་དེས་ཕན་ཐོགས་ཏན་ཏན་ཡོང་ཐུབ་པ་ཞིག་རེད་འདུག དེ་ག་ནང་བཞིན་ནང་ཀླད་རྩའི་འགྲོ་སྟངས་ཀྱི་སྐོར་ལ་ཤེས་པ་ཟེར་བ་ཞིག སྤྱིར་བཏང་མི་སུ་ཡིན་ནའང་ཤེས་པ་ཟེར་བ་དབྱིན་ཇིའི་ཚིག་གི་ནང་ལ་ཡོད་པ་རེད། Mindསེམས་ཟེར་བ་དང༌། Consciousnessརྣམ་ཤེས་ཟེར་བ་དེ་འདྲ་ཡོད་པ་རེད། ཡིན་ནའང་དེའི་ངོ་བོ་དང༌། དེའི་བྱེད་ལས་དཔྱིས་ཕྱིན་པ་ཀླད་རྩའི་སྟེང་ནས་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཁག་པོ་འདུག མིག་གི་ཤེས་པས་གཟུགས་མཐོང་བས་མཚོན་པས། དེ་བཞིན་ཀླད་པའི་ནང་གི་སྒོ་ལྔའི་ཤེས་པས་ཡུལ་རིག་སྟངས་དང༌། ཀླད་པའི་ནང་ལ་ལན་འདྲ་པོ་སླེབས། དེ་ནས་ཀླད་པའི་ནང་ནས་བཟང་ངན་གྱི་འདུ་ཤེས་དང༌། བླང་དོར་གྱི་འདུ་ཤེས་ཟེར་བ་དེ་ཚོའི་གྲས་དེ་ཀླད་པའི་ནང་ནས་ཡོང་གི་ཡོད་པ་དེ་དག་གི་རགས་པ་རྣམས་བཤད་ཐུབ་ཀྱི་ཡོད་པ་རེད། དེ་ཕྲ་རུ་ཕྲ་རུ་ཕྱིན་པའི་སྐབས་ལ་བཤད་ཐུབ་རྒྱུ་ཁག་པོ་བྱེད་ཀྱི་འདུག་གཱ། དེ་འདྲ་ཡིན་དུས་ནང་པའི་ནང་ནས་ཤེས་པའི་རིག་གནས་ཀྱི་ཐོག་ལ་ཚུར་རེ་བ་བརྒྱབ་ནས། དེ་ནས་རིག་པ་གསར་པ་ཞིག་ལེན་ཐུབ་པ་དང༌། དེ་ནས་གནད་འགག་གསར་པ་ཞིག་ཤེས་ཐུབ་རྒྱུའི་དོ་སྣང་བྱེད་ཀྱི་འདུག དེ་གཟི་བརྗིད་རེད་བསམ་གྱི་འདུག ཚན་རིག་དར་ནས་དུས་ད་ལྟའི་བར་དུ་ཆོས་ལུགས་སུ་གཅིག་ལའང༌། ཕར་རེ་བ་བརྒྱབ་ནས། ལེགས་བཤད་ཅིག་ལེན་རྒྱུ་མེད་པ་གཅིག་ལ་བརྩིས་ནས་བསྡད་མཁན་ཞིག་གིས་དེ་རིང་ཁ་སང་སྤྱིར་ནང་པའི་ཆོས། དེའི་ནང་ཚན་བོད་ཀྱི་ནང་པའི་ཆོས་ལ་ཚུར་རེ་བ་བརྒྱབ་ནས་དོ་སྣང་སླེབས་པ་ཞིག ཕལ་ཆེར་དེ་གཟི་བརྗིད་ཅིག་རེད།

བོད་ཀྱི་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་མི་འདྲ་བ་ཞིག་ཡོད་བསྡད་པ་ཞིག་དང༌། འདི་ཁྱེད་རང་ཚོས་ཤེས་དགོས་པ་ཞིག་རེད། དེ་ངས་ནམ་རྒྱུན་བཤད་ཀྱི་ཡོད་ལ། སྤྱིར་བཏང་དཔེར་ན་Dialogue Between Modern Science And Buddhism དེང་དུས་ཚན་རིག་དང་ནང་ཆོས་བར་གྱི་གྲོས་བསྡུརཟེར་བ་ཞིག ཚིག་དེ་འདྲ་ཞིག་བེད་སྤྱོད་བྱས་སྡོད་ཀྱི་འདུག་གཱ། ངས་ཚིག་དེ་ནོར་བ་རེད་ཟེར་གྱི་ཡོད། Buddhism ནང་ཆོས་ལ་ལབ་པ་ཡིན་ན། དེ་རྒྱ་ཆེན་པོ་ཞེ་པོ་གཅིག་ཆགས་བསྡད་ཀྱི་ཡོད་པ་རེད། ཐར་པའི་གོ་འཕང་བསྒྲུབ་རྒྱུ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུ། ཕྱི་མ་མངོན་མཐོའི་གོ་འཕང་བསྒྲུབ་རྒྱུ་དེ་འདྲ་རྒྱ་ཆེན་པོ་ཞེ་པོ་ཆགས་ཀྱི་ཡོད་པ་རེད། ང་ཚོ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་ནས་ང་ཚོས་སྐྱེ་བ་ཕྱི་མ་ཡོད་མེད་བསྒྲུབ་ཀྱི་ཡོད་པ་མ་རེད། གོ་བསྡུར་བྱེད་ཀྱི་ཡོད་པ་མ་རེད། ཐར་པ་ཡོད་མེད་གོ་བསྡུར་གྱི་ཡོད་པ་མ་རེད། ཐམས་ཅད་མཁྱེན་པའི་གོ་འཕང་ཡོད་མེད་གོ་བསྡུར་ཡང་བྱེད་ཀྱི་ཡོད་པ་མ་རེད། ང་ཚོས་ག་རེ་གོ་བསྡུར་བྱེད་ཀྱི་ཡོད་པ་རེད་ཟེར་ལབ་པ་ཡིན་ན། ད་ལྟའི་ང་རང་ཚོའི་མིའི་བསམ་བློའི་འགྲོ་སྟངས། མིའི་སེམས་ལ་དཀའ་ངལ་འཕྲད་ཡོང་དུས་དཀའ་ངལ་སེལ་ཐབས་བྱེད་སྟངས་དང༌། ནད་ན་ཚ་ཡོང་བའི་སྐབས་ལ་ནད་ན་ཚ་སྔོན་འགོག་གང་འདྲ་བྱེད་ཚུལ། ནད་ན་ཚ་བྱུང་བ་ཡིན་ན་ཡང་མགྱོགས་པོ་དྲག་རྒྱུ། དེའི་ཚོའི་ཐོག་ལ་སེམས་ཀྱི་བསམ་བློའི་འཁྱེར་སོ་ཕན་གནོད་ཆེན་པོ་ཡོད་པ་ཞིག་ཚན་རིག་པ་ཚོས་ར་སྤྲད་ནས་ར་འཕྲོད་ཡོང་གི་འདུག་གཱ། དེ་ར་འཕྲོད་པ་ཡིན་དུས། གཞི་རྩ་དེ་དག་གི་ནང་ནས་མིའི་ཕན་བདེ་བསྒྲུབ་རྒྱུ། ད་ལྟའི་མི་ཚེ་འདིའི་ནང་གི་དཀའ་ངལ་མང་པོ་ཞིག་སེལ་རྒྱུའི་དོན་དག་ལ་གཞི་ནས་བསམ་བློ་གལ་ཆེན་པོ་ཡིན་པ་མཐོང་ཡོང་དུས། བསམ་བློའི་རྣམ་གཞག་ཞིབ་ཚགས་ཙམ་ཤེས་རྒྱུའི་དོན་དག་ལ། ནང་པའི་ཆོས་ཀྱི་ནང་ནས་བསམ་བློའི་འགྲེལ་བཤད་བརྒྱབ་བཞག་པ་དེར་དོ་སྣང་སླེབས་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས། ངས་འདི་ཟེར་བསྡད་ཀྱི་ཡོད།

ནང་པའི་ཆོས་དེ་དུམ་བུ་གསུམ་ལ་ཕྱེ་རྒྱུ་འདུག དུམ་བུ་གཅིག་དེ་Buddhismརེད་འདུག ནང་པའི་ཚན་རིག དུམ་བུ་གཅིག་དེ་ནང་པའི་ལྟ་གྲུབ་རེད་འདུག་ངདPhilosophyནང་དོན་རིག་པའི་གཞུང་ལུགས། དུམ་བུ་གཅིག་དེ་ཆོས་སམ་ཆོས་ལུགས་ཟེར་དགོས་པ་ཡིན་ནམ། གང་ལྟར་ཆོས་ཉམས་ལེན་བྱེད་རྒྱུ་དེ་རེད་འདུག དེ་ང་རང་ཚོའི་དཔེ་ཆའི་ནང་ལའང་མིང་དེ་འདྲ་ཞིག་སྡེ་ཚན་འདྲ་པོ་ཕྱེ་ནས་འགྲེལ་བཤད་བརྒྱབ་མ་བརྒྱབ་ཅིག་རེད་མ་གཏོགས། ང་ཚོའི་དཔེ་ཆའི་ནང་ལ་ཡོད་ཡོད་པ་རེད། ང་རང་ཚོའི་དཔེ་ཆའི་ནང་ལ། ལྷག་པར་གསང་སྔགས་ཀྱི་གཞུང་ནང་འདི་འདྲ་གསུང་གི་འདུག་གཱ། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་ཟེར་བ་ཞིག་བཤད་ཀྱི་ཡོད་པ་རེད། ཤེས་སོང་ངམ།

དེ་ག་ནང་བཞིན་ཐེག་པ་ཆེན་པོ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་པ་ཡིན་ན། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཞེས་བཤད་ཀྱི་ཡོད་པ་རེད། དེས་གཞི། ལམ། འབྲས་བུ་ཞེས་དབྱེ་བ་ཕྱེ་སོང་བ། གཞིའི་གནས་ཚུལ་ཟེར་ལབ་དུས། གཞི་ཡི་ཕྱི་སྣོད། ནང་བཅུད། ཕྱི་སྣོད་དང་ནང་བཅུད་དེ་ཐམས་ཅད་འགྱུར་ཞིང་འགྲོ་མཁན། འགྱུར་བ་བྱས་ནས་འགྲོ་མཁན། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་མཁན། འགྱུར་བའི་རང་བཞིན་མི་རྟག་པའིརང་བཞིན། ཐ་མ་འགག་འགྲོ་བ། དེ་འདྲའི་རང་བཞིན་ཅན་ཞིག་ཡིན་དུས་དེ་དག་འགྲེལ་བཤད་རྒྱབ་རྒྱུ་ལ་དུས་ཟེར་བ། དུས་ཟེར་བ་དེ་གཞི་གཅིག་ལ་བརྟེན་ན་མ་གཏོགས་གཞི་གཅིག་ལ་མ་བརྟེན་པར་དུས་འདི་རེད་ཅེས་མཛུབ་མོ་བཙུགས་ས་ཞིག་མེད་པ་ཡིན་དུས། ང་ཚོའི་དཔེ་ཆའི་ནང་ལ་དངོས་པོའི་གནས་ཚུལ་འགྲེལ་བཤད་བརྒྱབ་ཡོང་དུས། དངོས་པོའི་གནས་ཚུལ་ཟེར་ནའང་མི་འདུག གཞིའི་གནས་ཚུལ་གྱི་ནང་ལ་འགྲེལ་བཤད་བརྒྱབ་ཡོང་དུས་འགྱུར་བ་འགྲོ་མཁན་གྱི་རིགས་གཅིག འགྱུར་བ་མ་འགྲོ་མཁན་གྱི་རིགས་གཅིག་བཅས་དེ་ཤེས་དགོས་ཀྱི་ཡོད་དུས། རྟག་པ་དང་མི་རྟག་པ་ཞེས་དབྱེ་བ་ཕྱེ་སོང་བ། དེ་ཁྱེད་རང་ཚོས་ཤེས་ཀྱི་རེད། ཤེས་ཀྱི་འདུག་གམ། རྟག་པ་དང་མི་རྟག་པ་ཞེས་པ་དེ་ག་ཟེར་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། གང་ལྟར་དངོས་པོའི་གནས་ཚུལ་དེ་གཏན་ལ་ཕབ་རྒྱུའི་དོན་དག་ལ་འགྱུར་བ་འགྲོ་མཁན་གཅིག་ཡོད་པ་རེད། དེ་ལ་མི་རྟག་པ་ཟེར་གྱི་ཡོད་པ་རེད། འགྱུར་བ་མི་འགྲོ་མཁན་གཅིག་ཡོད་པ་རེད། དེ་ལ་རྟག་པ་ཟེར་གྱི་ཡོད་པ་རེད།།

ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་བྱང༌།

Share this:
༢༡༧ ཀློག་གྲངས།