གཞུང་མང་ཚོགས་ཆེན་ཐོག་བཅར་མཁན་ཁག་ཅིག་གི་བསམ་ཚུལ།

དྲི་བ་དང་པོ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་༸གོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་དོན་ཚན་དང་པོ་དང་། བཅའ་ཁྲིམས་བསྐྱར་བཅོས་སྐབས། བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་འགན་ཁུར་གང་འདྲ་ཞིག་ལེན་རྒྱུའི་གྲ་སྒྲིག་ཡོད།

དྲི་བ་གཉིས་པ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སུ་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པར་༼བཙན་བྱོལ་བོད་གཞུང་༽ཞེས་པའི་ཚབ་ཏུ་༼བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་༽ཞེས་དང་། བཅའ་ཁྲིམས་ཀྱི་དོན་ཚན་ང་བདུན་པར་༼རྒྱལ་ཁབ་༽ཅེས་པའི་ཚབ་ཏུ་༼མི་རིགས་༽ཞེས་བཅུག་ཡོད་པ་དེའི་ཐད་དགེ་སྐྱོན་ག་རེ་གཟིགས་ཀྱི་འདུག

དྲི་བ་གསུམ་པ། བཅའ་ཁྲིམས་དོན་ཚན་དང་པོ་གསར་དུ་བཅུག་དགོས་དོན་ནི་ཐབས་མཁས་པོ་ལྟ་བུ་བྱས་ནས་༸གོང་ས་མཆོག་བླ་ན་མེད་པའི་དབུ་ཁྲིད་ཀྱི་ངོ་བོ་དེ་བཟོས་ཡོད་པའི་སྐད་ཆ་རེད་ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྦེལ་ཀོབ་ཏུ་གསུངས་ཡོད་པ་རེད།  འདིའི་ཐད་ལ་ཚོགས་ཆེན་ཐོག་བསམ་ཚུལ་ག་རེ་འདོན་རྒྱུ་ཡིན།

སྤྱི་ཟུར་པདྨ་བདེ་ལེགས་ཀྱི་དྲིས་ལན་དང་པོ།  ང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་སྤྱི་ཟུར་གྱི་མིང་ཐོག་ནས་ཚོགས་བཅར་ཞུ་རྒྱུ་ཡིན། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ལ་ཁྱབ་པའི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་པ་དང་།  དེ་ཡང་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད་པ་འདི་ཐུན་མོང་མ་ཡིན་པའི་གལ་ཆེན་པོ་ཡིན་པ་མ་ཟད།  ལྷག་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་མཆོག་གི་མཚན་གནས་དང་འབྲེལ་བའི་དོན་ཚན་དང་པོ་བརྒྱུད་གསོལ་འདེབས་ཞུ་རྒྱུ་སོགས་རང་ཉིད་ཀྱི་འགན་ཁུར་གང་ཐུབ་བྱེད་རྒྱུ་ཡིན།

དྲིས་ལན་གཉིས་པ།  བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སུ་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་དང་། རྒྱལ་ཁབ་ཅེས་པའི་ཚབ་ཏུ་མི་རིགས་ཞེས་བཅུག་འདུག  དེ་ཀློག་དུས་སེམས་པའི་ནང་རང་བཞིན་གྱིས་ མ་སྐྱིད་པའི་ཚོར་སྣང་ཡོང་གི་འདུག  ད་ལྟའི་བཅའ་ཁྲིམས་ནང་བཙན་བྱོལ་བོད་གཞུང་དང་རྒྱལ་ཁབ་ཅེས་ཡོད་པ་དེ་རང་འཇགས་བཞག་ན་འཕྲལ་ཕུགས་རྒྱང་གསུམ་ལ་ཡག་གི་རེད་བསམ་གྱི་འདུག  མ་གཞི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་མི་འགྲོའི་ཐད་ད་ལྟའི་གང་ཟག་བྱེ་བྲག་པ་རེ་རེའི་ཐད་ནས་དམིགས་བསལ་བསམ་ཚུལ་མེད།  ཡིན་ནའང་དེ་སྔོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཚང་མ་ད་ཐེངས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིར་ངེས་པར་ཡོང་དགོས་པ་ཞིག་རེད་བསམ་གྱི་ཡོད།  གལ་སྲིད་ཚང་མ་གདན་འདྲེན་ཞུ་བར་དཀའ་ངལ་ཡོད་ན། ༸གོང་ས་མཆོག་གིས་ཐད་བསྐོས་གནང་བའི་སྐབས་དེའི་ཚོགས་གཙོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ངེས་པར་བཅའ་ཁྲིམས་ཀྱི་རྩ་བའི་དམིགས་ཡུལ་དང་ཁ་ཕྱོགས་བཅས་གང་ཡིན་རྒྱུས་ཡོད་ཀྱི་ཆ་ནས་ད་ཐེངས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནང་ཡོད་དགོས་ཀྱི་རེད་བསམ་གྱི་འདུག

དྲིས་ལན་གསུམ་པ། ཚོགས་གཙོ་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་དེའི་ཐད་གཞུང་འབྲེལ་གྱི་ཐོག་ནས་འདི་འདྲ་རང་གསུངས་ཨེ་ཡོད་ན་བསམ་གྱི་ཡོད།  དེར་བརྟེན་ངས་འདིའི་སྐོར་ལ་དམིགས་བསལ་ལན་འདེབས་ཞུ་ཡི་མིན།

སེར་བྱེས་དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ་གྱི་དྲིས་ལན་དང་པོ། བྱུང་རབས་ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་བསྡད་པ་དེ་གསལ་པོ་རེད། དེ་བཅའ་ཁྲིམས་ནང་གསལ་པོ་བཀོད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། སྤྱིར་བཏང་ཆབ་སྲིད་ཀྱི་ཐོག་ལ་སྐྱ་སེར་མཉམ་རུབ་བྱེད་དགོས་ས་མང་པོ་རེད། ང་ཚོ་ཆོས་པ་ཚོར་དམིགས་བསལ་འགན་ཞིག་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུའི་འགན་ཡོད་པ་རེད། དེའི་ཐད་ད་ལྟ་བར་དུ་སོ་སོས་བསམ་པ་རྣམ་དག་གིས་དགེ་བཤེས་མ་བཏང་སྔོན་ནས་དཔེ་ཁྲིད་བྱས་བསྡད་ཡོད་པ་དེ་འགན་ཁུར་ཡིན་བསམ་གྱི་ཡོད།

དྲིས་ལན་གཉིས་པ། བཙན་བྱོལ་གཞུང་བསྒྱུར་བཅོས་བཏང་ནས་བཙན་བྱོལ་སྒྲིག་འཛུགས་ལ་བསྒྱུར་འདུག དེ་ད་ལྟའི་ཆ་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་ཕལ་ཆེར་གལ་ཆེན་པོ་ཆགས་པ་ཡིན་རྒྱུ་རེད་བསམ་གྱི་འདུག སྔོན་མ་བཙན་བྱོལ་བོད་གཞུང་ཟེར་གྱི་ཡོད་རེད། བཙན་བྱོལ་སྒྲིག་འཛུགས་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད། སྔོན་མའི་བོད་ཀྱི་དགའ་ལྡན་ཕོ་བྲང་གི་གཞུང་དེ་བཙན་བྱོལ་དུ་འབྱོར་བ་ཡིན་པས་བཙན་བྱོལ་བོད་གཞུང་ཟེར་བ་དང་། ད་ལྟ་འགྱུར་བ་བཏང་ནས་ཐད་ཀར་དངོས་སུ་ལག་ལེན་བྱེད་ས་དེ་བཙན་བྱོལ་སྤྱི་ཚོགས་ནང་ཡིན་པས་འགྱུར་བ་བཏང་བ་ཡིན་རྒྱུ་རེད། དེ་ལ་ངས་དགག་བྱ་ཞིག་མཐོང་གི་མི་འདུག མི་རིགས་དང་རྒྱལ་ཁབ་ཟེར་བ་དེའི་ཐོག་ལ་ད་ལྟ་ང་ཚོའི་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་འགྲོ་བསྡད་དུས་རྒྱལ་ཁབ་དང་གཞུང་ཟེར་བ་ཆེ་ཆུང་འདྲ་མི་འདྲ་ལ་གོ་རྒྱུ་འདུག ད་ལྟ་བོད་དོན་བདེན་མཐའ་གསལ་བའི་ལས་དོན་འགྲོ་བསྡད་ཡོད་པ་ལས་ཐག་ཆོད་མེད་པས་དེ་ཛ་དྲག་ཆགས་ཀྱི་མི་འདུག་བསམ་གྱི་འདུག

དྲིས་ལན་གསུམ་པ། ཚོགས་གཙོས་ངས་ཐབས་མཁས་པོ་ཟེར་ནས་གསུངས་པ་དེ་ག་རེ་ཡིན་མིན་ཤེས་ཀྱི་མི་འདུག ཐབས་མཁས་པོ་བྱེད་དགོས་པ་ཡོད་མ་རེད། ཕྱི་གསལ་ནང་གསལ་བྱེད་དགོས་པ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེ་རང་གིས་ཐག་བཅད་གནང་བ་རེད། མི་མང་གི་མངོན་འདོན་རང་གསལ་པོོ་བཟོ་དགོས་རེད། བོད་རྒྱ་འབྲེལ་མོལ། དོན་གཅོད་ཁག་གི་གནས་ཚུལ། གཞན་ཡང་བོད་དོན་རྒྱབ་སྐྱོར་བ་དཔོན་རིགས་ཚོར་མཇལ་འཕྲད་བྱེད་རྒྱུ་སོགས་ལ་ཨུ་ཚུགས་རྒྱག་ས་ཡོད་ན་ཨུ་ཚུགས་རྒྱག་དགོས་པ་རེད་བསམ་གྱི་ཡོད། ༸སྐྱབས་མགོན་རིན་པོ་ཆེ་དང་ང་ཚོ་བོད་མི་མང་གི་འབྲེལ་བ་དེ་མ་བུའི་འབྲེལ་བ་ནང་བཞིན་རེད།

 

དྭངས་བླངས་ཚོགས་བཅར་བ་སེར་བྱེས་བློ་བཟང་དཔལ་ལྡན་གྱི་དྲིས་ལན་དང་པོ། འདི་ན་སྐྱེས་བུ་རེ་ཟུང་གིས་༸གོང་ས་མཆོག་གིས་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་ན་མི་འགྲིག་ཚུལ་དངོས་ཤུགས་བརྒྱུད་གསུམ་ནས་བཤད་བཞིན་པ་དང་། ཡང་༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་མི་མང་གིས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་བྱེད་སྐབས་སུ་ཡང་མ་འགྲིག་པ་དང་མ་འཐུས་པའི་སྐད་ཆ་གསར་ལམ་ཁག་ཏུ་ཐོན་བཞིན་ཡོད་པས། བོད་གངས་ཅན་ལྗོངས་ལ་བཀའ་དྲིན་གཞལ་ཐབས་མེད་པའི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་མཛད་འཕྲིན་ནག་བསུབ་ཏུ་གཏོང་མི་འཇུག་རྒྱུ་དང་། ལོ་རྒྱུས་ཀྱི་དཀྱོག་མཚམས་འདི་ལས་བོད་གངས་ཅན་པ་རྣམས་བདེ་བླག་ངང་འགྲོ་ཐུབ་ཐབས་སུ་ཕུགས་བསམ་ཞིག་སེམས་སུ་ཉར་ནས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་འགྲོ་རྒྱུར་སེམས་ཐག་བཅད་པ་ཞིག་ཡིན།

དྲིས་ལན་གཉིས་པ། འདས་པའི་ལོ་རྒྱུས་ལ་ལྟ་སྐབས་བོད་མི་ས་ཡ་དྲུག་དང་བོད་ཆོལ་ཁ་གསུམ་བློས་གཏོང་བྱེད་རྒྱུ་མིན་ཚེ་ང་ཚོས་བོད་རྒྱལ་ཁབ་དང་བོད་གཞུང་ཞེས་སྐད་གསེང་མཐོན་པོར་བསྒྲག་རྒྱུར་དཀའ་ངལ་ཡོད་པར་བོད་རང་གིས་སྲུང་བརྩི་བྱེད་བཞིན་པའི་ཆིངས་ཡིག་ཁག་ཅིག་དང་ཚོགས་སྡེ་གང་ཞིག་ལ་རང་དབང་ཐོག་ཕུལ་བའི་སྙན་ཞུ་ཁ་ཤས་ལས་དཔོག་ཐུབ་པས་མིང་ཚིག་འདིའི་རིགས་ལ་ཞེན་པ་ཆེར་མེད། དེ་ལས་བོད་མི་ས་ཡ་དྲུག་དང་བོད་ཆོལ་ཁ་གསུམ་ཞེས་པ་དངོས་ཤུགས་བརྒྱུད་གསུམ་ནས་ཡ་བྲལ་དུ་གཏོང་རྒྱུའི་བསམ་བློ་གཏོང་མི་རུང་ལ་ཆོལ་གསུམ་གོང་བུ་གཅིག་གྱུར་ནི་ང་ཚོའི་རྩ་དོན་རེད།

དྲིས་ལན་གསུམ་པ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་མི་ལོ་དྲུག་ཅུའི་ཡར་སྔོན་ནས་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དུ་བསྐོ་བཞག་བྱས་པ་ནས་ད་ལྟའི་བར་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་བཞིན་པ་ལས་ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་སྐབས་ཐབས་མཁས་པོ་ལྟ་བུ་བྱས་ནས་གསར་བཟོ་དགོས་པ་ཞིག་མིན། ངས་བསམ་པར་ཚོགས་གཙོ་མཆོག་གི་གསུང་བཤད་དེ་༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་བྱས་པ་དང། རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་མི་མང་གིས་འདེམས་པའི་མགོ་ཁྲིད་ལ་སྐུ་དབང་ཆ་བགོས་བྱེད་པའི་སྐབས་འདིར་བཅའ་ཁྲིམས་ཁ་སྣོན་དོན་ཚན་དང་པོར་གསལ་བའི་གནད་འགག་ཅན་གྱི་དོན་ཚན་ལྔར་གསལ་བ་བཞིན་༸གོང་ས་མཆོག་མ་འོངས་པར་ཆབ་སྲིད་ལ་ཐད་ཀར་འབྲེལ་བ་མེད་ཀྱང་། བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་སྐུ་དབང་རང་འཇགས་ཐོག་ཐབས་མཁས་པོ་ཐོག་ནས་འཇོག་མ་ཐུབ་ན་ཉེན་ཁ་ཧ་ཅང་ཆེན་པོ་རེད་ཟེར་བ་ཡིན་ནམ་སྙམ།

 

དྭངས་བླངས་ཚོགས་བཅར་བ་འཇིགས་བྲལ་བསྟན་འཛིན་གྱི་དྲིས་ལན་དང་པོ། ༸གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་དུ་བོད་ཀྱི་ཆབ་སྲིད་ཀྱི་དབང་ལུང་བརྒྱུད་སྤྲོད་གནང་རྒྱུ་དང། དེའི་དགོས་པ་བཅས་ནན་ཏན་གྱི་ཐོག་ནས་གསུངས་ཡོད་ལ།  དེ་ནི་༸གོང་ས་མཆོག་གིས་མ་འོངས་བོད་ཀྱི་ཆེད་དུ་བོད་ཀྱི་དབུ་ཁྲིད་མཛད་སྟངས་ཕན་ནུས་ཆེ་ཤོས་དེ་རེད་བསམ་གྱི་ཡོད།  དེ་ནས་གནད་དོན་གཙོ་བོ་དེ་བཅའ་ཁྲིམས་ཀྱི་སྔོན་གླེང་དང་བཅའ་ཁྲིམས་བསྐྱར་བཅོས་བྱུང་བ་དེར་བཙན་བྱོལ་བོད་གཞུང་ལ་ཁྲིམས་མཐུན་གྱི་ནུས་པ་དགོས་པ་དང་།  ཁྲིམས་མཐུན་གྱི་ནུས་པ་དེ་ཡང་བོད་ཡུལ་དེ་བོད་ཡུལ་དུ་ངོས་འཛིན་དང་།  ང་བོད་མི་ཡིན་སྙམ་པའི་བོད་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ།  མར་ལེ་རིང་ལུགས་ཀྱི་རྩ་བའི་དམར་པོའི་ལྟ་གྲུབ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་སོ་སོའི་མ་འོངས་པའི་མདུན་ལམ་ཐོག་རང་ཐག་རང་གཅོད་ཀྱི་དབང་ཆའམ་རང་དབང་ཡོད་པ་དེ་གཞུང་གི་ཁྲིམས་མཐུན་གྱི་རྨང་གཞིའི་ཐོག་ངེས་པར་འཇོག་དགོས་པ་དང་།  བཙན་བྱོལ་བོད་གཞུང་ཟེར་བའི་ཚིག་བརྗོད་དེ་ལ་འགྱུར་བ་རྩ་བ་ནས་གཏོང་མི་དགོས་པའི་ལྟ་ཚུལ་འདོན་རྒྱུ་ཡིན།  བསམ་བློ་འདི་འདྲ་ཞིག་གི་འོག་ནས་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་འགན་ཁུར་བའི་ཐོག་ནས་ཚོགས་བཅར་བྱེད་ཀྱི་ཡོད།

དྲིས་ལན་གཉིས་པ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་སུ་དེ་ག་རང་གསལ་འདུག  བཙན་བྱོལ་བོད་གཞུང་ཞེས་ལབ་དུས་བོད་ཟེར་བའི་རྒྱལ་ཁབ་གཅིག་ངོས་བཟུང་བའི་ཐོག་ནས་རྒྱལ་ཁབ་དེའི་གཞུང་ལ་གོ་ཡི་ཡོད་པ་རེད།  ཡིན་ནའང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་དུས་བཙན་བྱོལ་ནང་གི་བོད་མི་ཚོའི་སྒྲིག་འཛུགས་སམ་སྐྱིད་སྡུག་ལ་ལྟ་མཁན་གྱི་ཚོགས་པ་ལ་ཟེར་གྱི་ཡོད་རེད།  དེ་འདྲ་ཡིན་རྒྱུ་མ་རེད།  གཞུང་ཟེར་བའི་ཚིག་འདུག་བསམ་སྲིད་པ་རེད།  ཡིན་ནའང་གཞུང་ཞེས་པའི་ཚིག་དེ་དབྱིན་སྐད་ཀྱི་གཞུང་གི་སྐད་དོད་ Government ཟེར་བ་དེར་གོ་ཡི་མེད་པ་ཉེ་སྔོན་གསལ་པོ་བཟོས་ཟིན་པ་རེད།  དེར་བརྟེན་རྒྱལ་ཁབ་ཀྱི་ཚབ་ཏུ་མི་རིགས་བཅུག་ཡོད་པ་དང་། བོད་རིགས་ཟེར་བ་དེ་ཡང་བོད་རིགས་རྣམས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་གི་མི་རིགས་གཅིག་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཡིག་ཐོག་ནས་རྒྱ་ནག་ལ་ཁས་བླངས་པ་དེར་གོ་དགོས་ལ།  བོད་རིགས་ཟེར་བ་དེའི་ནང་བོད་པ་ཆ་ཚང་ངམ་བོད་མི་ཆ་ཚང་རྩ་བ་ནས་ཚུད་ཀྱི་མེད་པ་ངེས་པར་དུ་ཤེས་དགོས། གལ་ཏེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་དང་མི་རིགས་ཟེར་བ་འདི་གཉིས།  བཙན་བྱོལ་བོད་གཞུང་དང་རྒྱལ་ཁབ་ཟེར་བའི་ཚབ་ཏུ་བཅའ་ཁྲིམས་བསྐྱར་བཅོས་སུ་གཏན་ཁེལ་སོང་ན་བཙན་བྱོལ་བོད་གཞུང་བོད་མི་ཚོས་རང་འདོད་ཀྱིས་སྒོ་བརྒྱབ་པ་རེད་ཅེས་བརྗོད་ན་འགྲིག་གི་རེད།  བོད་ཀྱི་གནད་དོན་ཐག་གཅོད་གང་ཡང་མ་བྱུང་གོང་ནས་འདི་ལྟར་གནང་དོན་ནི་རྒྱ་ནག་གི་ཁྲིམས་དང་ལྟ་ཚུལ་ལ་ཡོངས་སུ་མཐུན་ཐབས་བྱེད་པ་དེ་ཡིན་པ་ཧ་གོ་ན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་དེའི་ཁ་ཕྱོགས་གང་འདྲ་ཞིག་ཏུ་ཡོད་པ་གསལ་པོ་ཆགས་ཀྱི་རེད།  དེ་ལ་༸གོང་ས་མཆོག་གིས།  ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཞེས་ནན་ཏན་གྱིས་ཡིག་ཐོག་ནས་གསུངས་པ་དང་ཏག་ཏག་སྡོད་ཀྱི་མེད་པའི་བཟོ་འདྲ་པོ་མཐོང་གི་ཡོད།  དེ་བསམ་བློ་གཏོང་དགོས་པའི་གནད་དོན་གཅིག་རེད་བསམ་གྱི་ཡོད།

དྲིས་ལན་གསུམ་པ། ཚོགས་གཙོ་མཆོག་གིས་གསུངས་པ་འདི་དང་།  བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་དོན་ཚན་དང་པོའི་ནང་དོན་ལ་བསམ་ཡོང་དུས་གནས་ཚུལ་ག་རེ་གསལ་པོ་ཆགས་ཀྱི་ཡོད་རེད་ཟེར་ན།  ༸གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གྱི་དགོངས་དོན་ལ་དོན་གྱིས་ངོས་ལེན་ཞུས་མེད་པ་དེ་རེད།  ད་ལྟ་ང་ཚོས་ངོས་འཛིན་གསལ་པོ་བྱེད་དགོས་པ་ནི།  ༸གོང་ས་མཆོག་བོད་ཀྱི་དབུ་ཁྲིད་དུ་མི་དགོས་མཁན་གྱི་བོད་མི་ཞིག་ཡོད་མ་རེད་བསམ་གྱི་ཡོད།  ༸གོང་ས་མཆོག་གིས་བོད་དང་བོད་མིར་བརྩེ་བ་ཚད་མེད་པ་ཞིག་ཡོད་པས། བོད་མི་ཚོར་འདོད་པ་མེད་བཞིན་འདི་ལྟར་བྱེད་དུ་འཇུག་གི་ཡོད་པ་བོད་ཀྱི་དོན་དུ་ཡིན་པ་ངོས་ཟིན་དགོས་པ་རེད།  དེར་བརྟེན་༸གོང་ས་མཆོག་གི་ལམ་སྟོན་བཞིན་བྱས་ན་བོད་ཕུང་གི་རེད་དམ།  ཡང་ན་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཐབས་ཤེས་བཞིན་བྱས་ན་བོད་སྐྱོབ་ཀྱི་རེད། བཅའ་ཁྲིམས་བསྐྱར་བཅོས་སུ་གསར་དུ་བཅུག་པའི་དོན་ཚན་དང་པོ་དེ་༸གོང་ས་མཆོག་གིས་ཞལ་བཞེས་གནང་གི་མ་རེད་བསམ་གྱི་འདུག་ལ།  ༸གོང་ས་མཆོག་ཐུགས་མཉེས་པོ་བྱེད་འདོད་པ་ཡིན་ན་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ཇི་བཞིན་ལག་བསྟར་བྱས་ན་བོད་ལ་ཕན་རླབས་ཆེ་བ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།   མཇུག་ཏུ་ཞུ་རྒྱུར།  གནད་འགག་འདི་འདྲའི་སྐབས་སུ་འགྱུར་བ་འདི་ཚོ་སྦུག་སྦུག་ཏུ་མ་བཞག་པར་མི་མང་ལ་ཕྱི་གསལ་ནང་གསལ་བཟོ་དགོས།  མ་གཞི་རྒྱལ་ཁབ་དང་།  ཚོགས་སྡེ་སུ་ཡིན་རུང་མང་ཚོགས་ཀྱི་མངོན་འདོད་ཚོགས་འདུ་བརྒྱུད་བསྡུས་པ་ཡིན་ཟེར་བ་དེ་ཁ་གཡར་ས་ཡོད་ན་མེད་ན་ཞིག་ཡིན་པ་ཡང་ཧ་གོ་དགོས་པ་རེད།།

མེ་སོར་གསར་འགོད་པས་བཅར་འདྲི་བྱས།

{jcomments on}

Share this:
༢༦ ཀློག་གྲངས།