བོད་རྒྱ་འབྲེལ་མོལ་བསྐྱར་འཛུགས་བྱེད་དགོས།

ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པ་དང། དེ་དང་བསྟུན་ནས་ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་སྐུ་ཞབས་ཧར་མན་ཝོན་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་གཏན་ཁེལ་ཡོད་པས། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། བོད་མདོ་སྨད་རྔ་པ་ཁུལ་གྱི་གནས་སྟངས་ཀྱི་སྐོར་དང། བོད་རྒྱ་འབྲེལ་མོལ་བསྐྱར་འཛུགས་བྱེད་དགོས་པའི་སྐོར། རྒྱ་ནག་གཞུང་ལ་ངེས་པར་དུ་སྐུལ་མ་གཏོང་དགོས་ཞེས་རེ་སྐུལ་ཞུས་ཡོད་པ་རེད།

དེ་ཡང་ཁོང་གིས། བོད་རྔ་པ་ཁུལ་གྱི་ཀིརྟི་དགོན་པར་རྒྱ་གཞུང་གིས་དམ་དྲག་བྱས་པ་དང། དགེ་འདུན་པ་ཕུན་ཚོགས་དམ་པ་དེས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཡོང་ཆེད་དུ་རང་ཉིད་ཀྱི་གཅེས་སྲོག་མེ་ལ་བསྒྲོན་པ་དང། དེང་གི་དུས་སུ་དེ་ལས་གཞན་པའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རྒྱུའི་ཐབས་ཤེས་མེད་པས་ཁོང་གིས་དེ་ལྟར་གནང་བ་རེད། ད་ཐེངས་ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་རྒྱ་ནག་ཏུ་གཟིགས་ཞིབ་ལ་ཕེབས་པ་དང་བསྟུན་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང། རྔ་པ་ཁུལ་དུ་ཡུ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་འགྲོ་ཐབས་སུ་གླེང་སློང་བྱེད་དགོས་པ་དང་ངས་ཀྱང་དེ་ལྟར་རེ་སྐུལ་ཞུས་ཡོད་ཅེས་གསུངས་ཡོད་པ་རེད།

ཁོང་གིས་མུ་མཐུད་ནས། ཡུ་རོབ་མཉམ་འབྲེལ་གྱི་ཕྱོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་གླེང་སློང་སོགས་མ་བྱས་ན། དེ་ནི་མིག་དཔེ་ངན་པ་ཞིག་ཏུ་འགྱུར་རྒྱུ་དང་རྒྱལ་སྤྱིའི་ཐོག་ནས་དོ་སྣང་བྱེད་བཞིན་པ་དང་ལྡོག་ཕྱོགས་སོང་པ་རེད། དེ་བཞིན་བོད་རྒྱའི་འབྲེལ་མོལ་ཡང་བསྐྱར་འཛུགས་དགོས་པའི་སྐོར་རེ་སྐུལ་ཞུས་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}

Share this:
༡༥ ཀློག་གྲངས།