གཞོན་ནུའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག

tyc_18_5_2011

ལས་འགུལ་དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་ཨ་མདོ་རྔ་པ་ཁུལ་དུ་དྲག་གནོན་ཕྱིར་འཐེན་དགོས་པ་དང་། ད་ལྟ་བཙོན་ཁང་དུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ཚོ་མྱུར་དུ་གློད་གྲོལ་དགོས་པ་སོགས་ཀྱི་དགོས་འདུན་རྒྱ་ནག་གཞུང་ལ་བཏོན་དེ། དུས་ཚོད་ངེས་ཀྱི་ཟས་བཅད་ངོ་རྒོལ་དེ་འགོ་འཛུགས་བྱས་པ་དང་། ད་ལྟ་ཟས་བཅད་པ་ཚོའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་པར་བརྟེན། སྔ་ཕྱིར་ཕྱི་རྒྱལ་དང་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་ཚོ་ཆེད་ཕེབས་ཀྱིས་གདུང་སེམས་མཉམ་བསྐྱེད་དང། འཐབ་རྩོད་པའི་གཟུགས་པོའི་འཕྲོད་བསྟེན་ཆེད་དུ། ཟས་བཅད་མཚམས་འཇོགས་དགོས་སྐུལ་གནང་ཡོད་པ་དང་། དེ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། ཉེ་ཆར་འདེམས་ཐོན་བྱུང་བའི་སྐབས་རྗེས་མའི་བཀའ་ཁྲི་བློ་བཟང་སེང་གེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ། ཀིརྟི་རིན་པོ་ཆེ་དང་ཤིང་བཟའ་རིན་པོ་ཆེ་སོགས་ཕེབས་ནས། ཟས་བཅད་ངོ་རྒོལ་བ་ཚོའི་འཕྲོད་བསྟེན་གྱི་ཆེད་དུ་མཚམས་འཇོག་དགོས་པ་དང། སླད་ཀྱི་ཆར་ལས་དོན་མང་པོ་བསྒྲུབ་དགོས་པས་ངེས་པར་དུ་གཟུགས་གཞི་བདེ་ཐང་དགོས་པའི་སྐོར་གྱི་འབོད་སྐུལ་ཞུས་ཡོད་པ་རེད།

ཟས་བཅད་ངོ་རྒོལ་བ་ནི། དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་དང་ཟུང་དྲུང་བསྟན་འཛིན་ནོར་བཟང། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་བཅས་ཡིན་པ་དང་། ཉིན་༢༣ ཙམ་འགྲོ་བའི་སྐབས་ཡོད་པས་དོན་གྲུབ་ལྷ་དར་གྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་༡༦ མར་ཆག་ཡོད་པ་དང། བསྟན་འཛིན་ནོར་བཟང་ཀི་ལོ་༡༡ ཆག་འདུག དཀོན་མཆོག་ཡར་འཕེལ་ཀི་ལོ་༡༣ ཆག་ཡོད་པ་རེད། ད་ལྟ་ཚང་མ་སྨན་ཁང་དུ་ཁྲིད་ཡོད་པ་རེད།།

Share this:
༢༢ ཀློག་གྲངས།