རྒྱ་གཞུང་གིས་བཅིངས་གྲོལ་གྱི་ཞྭ་མོ་གྱོན་ནས་བོད་ལ་བཙན་འཛུལ།

press_release_by_tsoktsodrelpoགསར་འགོད་ལྷན་ཚོགས་ཐོག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་ཆེད་ཕེབས་ཀྱིས་ཐོག་མར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། ཕྱི་ལོ་༢༠༡༡ ཟླ་༥ པའི་ཚེས་༢༣ ནི་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་དེ་བཞག་པའི་དུས་དྲན་རེད། ཡིག་ཆ་དེར་རྒྱ་དམར་གྱིས་བོད་གཞུང་གི་སྐུ་ཚབ་རྣམས་ཀྱིས་མིང་རྟགས་མ་བཀོད་ན་བོད་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་ལུགས་སྡིགས་ར་བསྐུལ་བ་རེད། དེར་བརྟེན་བོད་ཀྱི་སྐུ་ཚབ་རྣམ་པས་བཙན་ཤུགས་ངང་མིང་རྟགས་བཀོད་དགོས་བྱུང་བ་དང། ༧གོང་ས་མཆོག་གིས་ཡིག་ཆ་དེའི་ནང་དོན་ལག་ལེན་ཡོང་རྒྱུའི་འབད་བརྩོན་གནང་ཡང། རྒྱ་གཞུང་གིས་ཡིག་ཆ་དེའི་ནང་དོན་ཆ་ཚང་རྡོག་རོལ་དུ་བཏང་ནས་དྲག་པོའི་བཙན་གནོན་འོག་བོད་དང་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་དང་གཏོང་བཞིན་པ་རེད། དེ་རྗེས་ཕྱི་ལོ་༡༩༥༩ ཟླ་༤ པའི་ཚེས་༡༨ ཉིན་༧གོང་ས་མཆོག་རྒྱ་གར་དུ་ཕེབས་རྗེས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་རེད་ཅེས་དང།

མུ་མཐུད་སྒྲོགས་སྦྱང་གནང་དོན། རྒྱ་མིས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ལོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ངང་བྱེད་ཀྱི་ཡོད་ཀྱང། དངོས་ཡོད་ཀྱི་ལམ་ནས་བཤད་ན་འདས་པའི་ལོ་དྲུག་བཅུའི་རིང་བོད་མིའི་འཐབ་རྩོད་དེ་དྲག་ཤུགས་ཆེ་རུ་ཕྱིན་ཡོད། བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་གྱི་ཡོད་ཀྱང་བོད་མི་རྣམས་ད་དུང་རང་སྲོག་ལ་མ་ལྟོས་པར་ཕྱི་རྒྱལ་རང་དབང་ལུང་པར་བྲོས་ཐབས་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དེ་དག་གིས་བོད་མིའི་འཐབ་རྩོད་དང་སེམས་ཤུགས་རྫོགས་མེད་པ་གསལ་པོ་བསྟན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག ཁོར་ཡུག དེ་བཞིན་བོད་མི་རྣམས་རང་རེའི་ཕ་ཡུལ་དུ་རང་དབང་དང་སྤོབས་པའི་ངང་ནས་འཚོ་གནས་ཐུབ་ཐབས་སུ་ལས་འགུལ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་སོགས་སྒྲོགས་སྦྱང་གནང་སོང།

དེ་བཞིན་ད་ལྟའི་ཆར་བོད་སྤྱི་ཡོངས་དང་ལྷག་པར་དུ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་མ་ཟད། མྱུར་དུ་ཞི་འཇམ་ཡོང་བ་ཞིག་བཟོ་དགོས་པ་དང། མདོར་ན་རྒྱ་གཞུང་གིས་བོད་ལ་ཞི་བའི་བཅིངས་གྲོལ་གྱི་ཞྭ་མོ་གྱོན་ནས་བཙན་འཛུལ་བྱས་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པའི་སྐོར་སོགས་གསུངས་སོང།།

{jcomments on}

Share this:
༨༡ ཀློག་གྲངས།