བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་གྲོལ་བ།

ཟླ་འདིའི་ཚེས་༢༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པ་མ་ཟིན་ཙམ་ལ། ཚོགས་ཆུང་ཁག་བཅུ་ཡི་བསམ་འཆར་ཁག་སྙན་སྒྲོན་གནང་ཚར་རྗེས། ༧གོང་ས་མཆོག་ལ་འབུལ་རྒྱུའི་གསོལ་འདེབས་སྙན་ཞུ་སོགས་གཏན་འབེབས་གྲུབ་རྗེས་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་སོང། མཛད་སྒོའི་ཐོག་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། བཀའ་ཟུར་རྣམ་པ། འདེམས་ཐོན་བཀའ་ཁྲི། སྤྱི་ཟུར། འདེམས་ཐོན་སྤྱི་འཐུས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མི་མང་གི་སྐུ་ཚབ་སོགས་ཚོགས་ཞུགས་པ་མི་གྲངས་བཞི་བརྒྱ་ལྷག་རྒྱས་འཛོམས་བྱུང་ཡོད་པ་རེད།

end_meeting01མཇུག་བསྡོམས་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཤག་གི་གསུང་བཤད་གནང་དོན། སྤྱིར་བཏང་ཚོགས་འདུའི་ལས་རིམ་ཡོངས་སུ་རྫོགས་པ་གྲུབ་པ་རེད། དེར་བརྟེན་ལས་རིམ་དང་འབྲེལ་བ་ཡོད་པའི་བཀའ་མོལ་ཞུ་རྒྱུ་དེ་འབྲེལ་མེད་དོན་གཞན་ལྟ་བུ་ཆགས་ཀྱི་ཡོད་རེད། གནས་ཚུལ་རེ་ཟུང་ཞིག་དེབ་ཐེར་དུ་སྡོད་པའི་ཆེད་དུ་བཀའ་ཤག་གི་ངོས་ནས་ད་ལྟའི་གོ་སྐབས་འདི་བླངས་ནས་སྙན་གསེང་ཞུ་རྒྱུ་ལ། བཀའ་ཤག་གིས་ཚོགས་འདུ་དབུ་འཛུགས་སྐབས་སུ་རྒྱས་པ་ཞིག་ཞུས་པ་ཡིན་ཏེ། ཞུ་སྟངས་ག་རེ་མ་འགྲིག་པ་ཡིན་ན་འདྲ། ད་དུང་ཚང་མར་གསལ་པོ་ཆགས་མེད་པའི་བཟོ་འདྲ་ཞིག་འདུག དེ་ནི་༧སྐྱབས་མགོན་རིན་པོ་ཆེ་ལ་གསོལ་བ་འདེབས་པའི་དོན་ཚན་དང་པོ་གསར་འཇུག་ཞུ་རྒྱུའི་ཐད་རེད། དེའི་ནང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་འབུར་དུ་བཏོན་པ་ཙམ་ཞིག་མ་གཏོགས། བཅའ་ཁྲིམས་ཀྱི་ངོས་ནས་༧གོང་ས་མཆོག་ལ་སྐུ་དབང་འབུལ་བའི་ཁྲིམས་སུ་བཅས་པ་ཞིག་ཆགས་ཀྱི་ཡོད་མ་རེད་ཅེས་གསལ་པོ་ཞུས་པ་ཡིན། འོན་ཀྱང་བགྲོ་གླེང་གི་ནང་དུ་དོན་ཚན་དང་པོ་དེ་འདྲ་བཅུག་པ་ཡིན་ན། དོན་ཚན་དེའི་ཐོག་ནས་༧གོང་ས་མཆོག་ལ་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་ལ་སྐུ་དབང་གསར་པ་ཞིག་འབུལ་གྱི་ཡོད་པའི་ངོ་བོར་ཚང་མས་ཐུགས་སྣང་དེ་འདྲ་བྱུང་ཡོད་པའི་བཟོ་འདྲ་ཞིག་འདུག་ཅེས་དང།

end_meeting02དོན་ཚན་དང་པོ་དེ་བཅའ་ཁྲིམས་ཀྱི་ཆ་ཤས་ཤིག་ཡིན་པས་ག་དུས་ཡིན་ཡང་འགྱུར་བ་གཏོང་རྒྱུ་ཡོད་པ་ཞིག་རེད། བཅའ་ཁྲིམས་ཕྱིར་བསྡུ་བྱས་ཀྱང་༧སྐྱབས་མགོན་རིན་པོ་ཆེ་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་གནས་ཀྱི་རེད། དེར་བརྟེན་༧གོང་ས་མཆོག་ལ་སྐུ་དབང་རང་ཆས་སུ་ཡོད་པ་གནས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་བཅའ་ཁྲིམས་དོན་ཚན་དང་པོ་བསྒྱུར་བཅོས་བྱེད་རྒྱུ་མེད་པ་ཞིག་ཏུ་གོ་མི་རུང་བ་དང། མང་ཚོགས་ཀྱི་སྐུ་ཚབ་མང་པོ་འདུས་བསྡད་ཡོད་པས་མི་མང་ལ་མར་ངོ་སྤྲོད་སྐབས་ཁ་སང་གི་དགོངས་ཚུལ་ནོར་བསྡད་པ་དེ་བཞིན་མི་མང་ལ་བཤད་ན་རྦད་དེ་འཁྲུག་འགྲོ་ཡི་ཡོད་པའི་སྐོར་གསུངས་སོང། དེ་བཞིན་མང་པོ་ཞིག་གིས་བཅའ་ཁྲིམས་བསྐྱར་བཅོས་་ཀྱི་ལས་རིམ་འགྲོ་རྒྱུ་དེ་མགྱོགས་དྲག་པའི་དགོངས་ཚུལ་གསུང་མཁན་མང་པོ་འདུག འོན་ཀྱང་དེ་༧གོང་ས་མཆོག་གི་གསུང་འཕྲིན་ནང་ཡོད་པ་བཞིན་ཕྱི་ལོ་༡༩༦༠ ནང་ནས་དགོངས་པ་བཞེས་པ་ཞིག་ལས་གློ་བུར་གྱི་ཐག་གཅོད་མིན་པར་གསུངས་པ་རེད། དེ་ལ་བལྟས་ན་ང་ཚོ་གཉིད་ཁུག་བསྡད་པ་མ་གཏོགས། མགྱོགས་དྲག་པའི་བཟོ་ལྟ་ཞིག་མཐོང་གི་མེད་པའི་སྐོར་སོགས་གསུངས་སོང།

g_meeting06དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན། དེ་རིང་གི་ཚོགས་ཆེན་འདི་འཚོགས་ནས་བསམ་ཚུལ་གང་བྱུང་བ་དེ་ལག་ལེན་དུ་བསྟར་བའི་སྐབས་སུ་ཕན་ག་ཚད་ཐོགས་ཀྱི་རེད་ཅེས་པའི་བསམ་ཚུལ་དེ་ཚོགས་བཅར་བ་མང་པོ་ཞིག་ལ་ཡོད་རེད། སྤྱི་ཚོགས་ནང་དུ་དེའི་སྐོར་ལ་བཀའ་མོལ་གསུང་མཁན་མང་པོ་རེད། དེ་རིང་གི་ཚོགས་ཆེན་འདིའི་ནང་དུ་ཚོགས་བཅར་བ་རྣམ་པས་མང་ཚོགས་ཀྱི་བསམ་ཚུལ་གང་ཡོད་པ་དེ་སྤུངས་ནས་དེ་ལ་འགྱུར་བ་ག་ཚོད་གཏོང་ཐུབ་ཀྱི་ཡོད་མེད་དེ་རིང་གི་ལས་རིམ་འདིའི་ཐོག་ནས་གསལ་པོ་ཆགས་པ་རེད། ལས་རིམ་ཆ་ཚང་ཚར་ཡོད་མ་རེད། གནང་ཉིན་ནས་གྲོས་ཚོགས་འཚོག་དགོས་ཀྱི་ཡོད་རེད། གྲོས་ཚོགས་འཚོག་པའི་སྐབས་སུ་མིང་ཚིག་དང། ༧གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བ་མེད་པའི་རིགས་གཏན་འབེབས་བྱེད་ཐུབ་མིན་ལ་ཁྱད་པར་མེད་ཀྱང། གསུང་འཕྲིན་དང་འབྲེལ་བ་ཡོད་པ་རྣམས་སྤྱི་མོས་ཀྱིས་ཐག་གཅོད་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་དང།

རྒྱ་ནག་དམར་ཤོག་ཚོགས་པས་མགོ་ཁྲིད་པའི་ཚོགས་འདུ་འཚོག་སྐབས་སྤྱི་མོས་མང་པོ་ཡོང་གི་ཡོད་པ་རེད་དེ། དེ་དག་ནང་བསམ་བློའི་རང་དབང་མེད་པའི་ཐོག་ནས་སྤྱི་མོས་ཡོང་གི་ཡོད་པ་རེད། མང་གཙོ་ཚད་ལྡན་ཡིན་ན་ནང་བསམ་བློའི་རང་དབང་གི་ཐོག་ནས་སྤྱི་མོས་ཡོང་ཐུབ་ཀྱི་ཡོད་པ་ང་ཚོས་དེ་རིང་གི་ཚོགས་ཆེན་འདིའི་ཐོག་ནས་འཛམ་བུ་གླིང་ལ་བསྟན་ཐུབ་པ་རེད། མང་གཙོ་ཚད་ལྡན་གྱི་ལམ་ལ་ཤར་སྐྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་དེ་འཛམ་གླིང་ལ་གསལ་སྟོན་ཐུབ་པ་རེད་ཅེས་སོགས་གསུངས་སོང།

དེ་རྗེས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད་པ་རེད། ཟླ་འདིའི་ཚེས་༢༥ ཉིན་ཚོགས་བཅར་བ་ཡོངས་༧གོང་ས་མཆོག་གིས་མཇལ་ཁ་གནང་རྒྱུ་དང། ༧གོང་ས་མཆོག་དང་ལྷན་དུ་སྐུ་པར་བསྒྲོན་རྒྱུ་ཡིན་པ་རེད།།

{jcomments on}

Share this:
༡༡༩ ཀློག་གྲངས།