“བོད་མིའི་སྒྲིག་འཛུགས”ལས་འཕྲོས་པའི་བསམ་གཞིགས་ཐ་ཐུན།

གསར་འགྱུར་འདི་མཐོང་མ་ཐག་བོད་ནང་གི་མི་གྲངས་ཉི་ཤུ་ལྷག་ལ་བརྡ་འཕྲིན་གྱི་ལམ་ནས་བསམ་ཚུལ་དྲིས་པ་ཡིན་ཞིང་། དེའི་ཁྲོད་ཀྱི་མི་བཅོ་ལྔས་རང་སྲོག་རང་གིས་བཅད་པ་ཞིག་ལ་ངོས་འཛིན་དང་བློ་ཕམ་ཚད་མེད་ཡོད་པའི་རྣམ་འགྱུར་བསྟན་པ་དང་མཉམ་དུ་པེ་ཅིན་སྲིད་གཞུང་གིས་བཙན་བཟུང་ནས་ད་བར་དུ། རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་རང་སྐྱོང་ཟེར་བ་དེ་བོད་ཁུལ་ཡོངས་ལ་ཡོད་བཞིན་པ་རེད། དེ་མ་གཏོགས་རྩོད་ལེན་བྱེད་ཀྱིན་མེད་དུས། རྣམ་པ་ཚོས་དཀའ་ལས་མྱོང་མི་དགོས་པར་ཕྱིར་ཕ་ཡུལ་དུ་ཕེབས་ཤོག་དང་། ང་ཚོས་མཉམ་དུ་ “རང་སྐྱོང་”ལོངས་སུ་སྤྱོད་དགོས་ཞེས་ཟེར། གཞན་མི་གསུམ་ལྷག་གིས་ཀུ་རེ་དང་སྦྲགས་ནས་རྒྱལ་གཅེས་ཀྱི་བསམ་བློའི་འགྱུར་བར་སྔ་ཕྱི་མེད་ཀྱང་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་ཅིག་ཡོད་གལ་གསུངས་སོང་། ལྷག་འཕྲོས་ཀྱི་མི་གཉིས་ཀྱིས་ཧ་གོ་ཐུབ་ཀྱི་མི་འདུག་པས། དེའི་ཐད་ངོ་སྤྲོད་རང་བཞིན་གྱི་དཔྱད་བརྗོད་ཅིག་འབྲི་དགོས་པར་མཐོང་གི་འདུག

དེ་བས། ཕྲན་གཉིས་ནས་ལས་འགན་འདི་ལྕོགས་མིན་ལ་མ་ལྟོས་པར“བོད་མིའི་སྒྲིག་འཛུགས”ཟེར་བའི་ཐ་སྙད་གསར་བ་འདིར་རོབ་ཙམ་དཔྱད་པའི་ལས་སུ་ཞུགས་པའི་ཁུལ་ཡིན།

བོད་མིའི་སྒྲིག་འཛུགསཟེར་བའི་རྒྱབ་མདུན།

ཁྲིམས་ཀྱི་ངོ་བོར་འཕེལ་ལ་ཉེ་བའི་ཐ་སྙད་འདིའི་བྱུང་རིམ་ལ་རོབ་ཙམ་བལྟས་ན། ཧ་ལམ་ཕྱི་ལོ ༢༠༡༠ལོ་ནས་མི་མངོན་པ་ནས་དེང་སྐབས་མངོན་གསལ་དུ་གྱུར་བ་ཞིག་ཡིན་ཞིང་། རྩ་བའི་འབྱུང་རྩ་གྲོས་ཚོགས་ལ་བསྟན་ཡོད་མེད་ཀྱི་རྩོད་གཞིར་གྱུར་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ཕུལ་བའི༼བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་༼བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་འགྲེལ་བཤད༽ཅེས་པའི་ཡིག་ཆ་དེ་གཉིས་ལ་ཐུག་ཡོད་པར་མ་ཟད། སྐབས་དེ་དུས་ནས་པེ་ཅིན་སྲིད་གཞུང་གིས༼བསམ་འཆར་ཡིག་ཆ༽དེ་གཉིས་ངོས་ལེན་གནང་རྒྱུ་ཕར་ཞོག་བོད་ཀྱི་གནད་དོན་ཐད་ཀར“ཏཱ་ལའི་བླ་མའི་མདུན་ལམ་གྱི་གནད་དོན”སྒང་སྒྲུབ་ཅི་ཐུབ་ཀྱིས“དེང་ཕྱིན་ཏཱ་ལའི་བླ་མས་ཅི་ཞིག་བཤད་པ་ལ་མི་ཉན་པར་ཅི་ཞིག་ལས་རྒྱུ་ལ་ལྟ་རྒྱུ་ཡིན”ཞེས་བསྒྲགས་གཏམ་སྤེལ་ཡོད།

དོན་ལ་མཁན་པོ་སྐྱོ་བྲག་དགའ་དབང་མཆོག་གི་རྩོམ་ཡིག་ཏུ་གསལ་བ་ལྟར། “ལྐོག་བཤད་ཅིག་ཏུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། སྐལ་བཟང་རྒྱལ་མཚན་གསུམ། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་བར་བཅར་སྐབས་བསམ་ཚུལ་ཕུལ་བ་ཡིན་རབས་གླེང་གིན་འདུག”(༡) ཅེས་པ་ནི་སྒྲུབ་བྱེད་ཆགས་ཡོད་པར་མ་ཟད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བཅའ་ཁྲིམས་ཟིན་བྲིས་འགྲེལ་བཤད་གནང་སྐབས། “སི་ཝེ་ཌེན་སོགས་འཛམ་གླིང་རྒྱལ་ཁབ་ཁ་ཤས་ནང་གྲོས་ཚོགས་ཀྱི་ཁྲིམས་འཆར་ཁྲིམས་སུ་བཅས་པར་གྲོས་ཚོགས་ཚོགས་གཙོས་མཚན་རྟགས་སྐྱོན་གྱི་ཡོད་པ་རེད། དེ་ལྟར་བྱས་ན། ཁྲིམས་འཆར་བསྐྱར་སློག་བྱེད་པའི་ཆ་རྐྱེན་དེ་མེད་པ་ཆགས་འགྲོ་བ་རེད”(༢)ཅེས་པ་ནི་ཆ་རྐྱེན་མེད་པའི་ལག་བསྟར་ལྟ་བུར་གོ་ཆོག་པར་སྙམ། དེ་མིན་༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་སྟེང་ཕུལ་བའི་གསུང་འཕྲིན་ནང་“བཙན་བྱོལ་སྒྲིག་འཛིགས”ཞེས་པའི་མིང་དེ་བཀོད་ཡོད་པ་དང༌། དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྐུ་སྒེར་ཡིག་ཚང་ལ་ཞལ་པར་ཕུལ་ནས་བཙན་བྱོལ་བོད་གཞུང་གི་མིང་དེ་“བཙན་བྱོལ་སྒྲིག་འཛུགས”སུ་བསྒྱུར་རྒྱུར་གཏན་འཁེལ་མིན་བཀའ་འདྲི་ཞུས་དུས། སྐུ་སྒེར་ཡིག་ཚང་གིས་ཁ་པར་བརྒྱུད“བོད་མིའི་སྒྲིག་འཛུགས”ཞེས་བསྒྱུར་ན་ཞེས་བཀའ་ལན་གནང་ཡོད་པ་ཇི་བཞིན་བགྲོ་གླེང་སོགས་བརྒྱུད་རིམ་གཅིག་ཀྱང་མེད་པའི་སྒོ་ནས་དེ་ལྟར་གཏན་འཁེལ་བྱས་པ་ཞིག་ཡིན་པས། ཕྱི་ལོ ༢༠༡༡ ལོའི་ཟླ ༥ བའི་ཚེས ༢༧ ཉིན། ལོ་ངོ ༢༠༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲིད་དབང་ལོ་རྒྱུས་ཀྱི་རྒྱུན་བཅད་ཡོད་པའི་ཁར། ཐ་ན་ཡིག་ཐོག་གི་གསལ་བཤད་ཙམ་ཡང་མེད་པར་ཤིན་ཏུ་ལས་སླ་བོས་ངང་ངག་ཐོག་གིས་ཀྱང་ཁ་པར་གཅིག་གིས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཅུག་འདུག

ཡིན་ན་ཡང། ༧གོང་ས་མཆོག་གི་མཐའ་མའི་ཐག་གཅོད་དེར་ཕྱིའི་གནོན་ཤུགས་གཅིག་པུ་ལས་ནང་གི་གནོན་ཤུགས་ཀྱང་མི་ཆུང་བ་ཞིག་ལ་ཐུག་ཡོད་པའི་དོགས་པ་སྐྱེ་རུ་བཅུག་པ་ནི། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་སྐབས་གནོན་ཤུགས་ཅི་ཞིག་སྤྲད་ཡོད་པ་དང།  ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཞལ་པར་ཕུལ་ནས་༧གོང་ས་མཆོག་གི་ཞལ་ནས“བོད་མིའི་སྒྲིག་འཛུགས”ཞེས་པའི་མིང་འདི་བཙན་གྱིས་བླངས་པ་ལས་ཀྱང་ར་འཕྲོད་ཐུབ་པ་ཞིག་རེད། ད་དུང་སྐུ་སྒེར་ཡིག་ཚང་གིས་གྲོས་ཚོགས་ཚོགས་དུས་འཕར་མར་བསྩལ་བའི་བཀའ་ཤོག་ཏུའང“ བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་གྱི་མཚན་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་ཞུ་གཉིས་འབུལ་གནང་མཛད”ཅེས“ བོད་གཞུང”འབུར་དུ་བཏོད་ཡོད་པ་དང་ཡང“བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད”ཅེས་བཀའ་ཤོག་གཅིག་ལས་མིང་མ་འདྲ་བ་གཉིས་ཐོན་ཡོད་པའི་ཆ་ནས་ཀྱང་དོགས་གཞི་ཆེན་པོ་ཞིག་བཞག་ཡོད།  རྒྱུ་མཚན་གཞན་ཞིག་ནི་སྔར་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་ཞིང་གཤེགས་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་པེ་ཅིན་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་དེང་ཕྱིན་བོད་རྒྱ་ཁོངས་རེད་ཅེས་བཀའ་མོལ་མ་གནང་རོགས་ཞེས་ཐད་ཀར་ཞུས་ཡོད།

དེ་མཚུངས་སུ་སད་ཀྱི་ཁར་སེར་བའི་དཔེ་བཞིན་ཨིན་ཇི་གཞུང་གིས་ཀྱང་ན་ནིང“བོད་ཀྱི་བདག་དབང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་ཅེས་ངོས་ལེན་བྱས་ཡོད”ཅིང་། བོད་དོན་རྒྱབ་བསྐྱོར་བ་ཚོར་དེ་ནི་བཙན་བྱོལ་བོད་གཞུང་གི་ཐག་གཅོད་ཅིག་ཡིན་པའི་འགྲེལ་བཤད་ཀྱང་ཨིན་ཇི་གཞུང་ནས་བསྐྱོན་ཡོད། ཡིན་ནའང་། རྒྱ་ནག་གི་འཐབ་ཇུས་མཁས་དབང་ཁག་ཅིག་གིས་པེ་ཅིན་གཞུང་ལ“ཏཱ་ལའི་བླ་མ་ཕ་ཡུལ་དུ་བསུས་ནས་ཡང་སྤྲུལ་འཁྲུངས་པ”ཞེས་པའི་འཐབ་ཇུས་རང་བཞིན་གྱི་ཐབས་བཀོད་ཅིག་ཕུལ་ཡོད་པ་གསལ་བོ་རེད་ལ། དེའི་དོན་ནི་ཐབས་ལམ་སྤྱད་ནས་རྒྱལ་བ་རིན་པོ་ཆེ་ཕ་ཡུལ་ལ་ལྟ་སྐོར་དུ་གདན་འདྲེན་དང་དེའི་འཕྲོས་ཕྱི་ནང་གང་དུ་སྐུའི་འཕེན་པ་རྫོགས་ཀྱང་པེ་ཅིན་གཞུང་ལ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ཐོབ་ཐང་ཡོད་པའི་དོན་བཤད་ཀྱི་ཡོད།

བོད་མིའི་སྒྲིག་འཛུགསཟེར་བའི་མདུན་ལྗོངས།

“བོད་མིའི་སྒྲིག་འཛུགས”ཞེས་གླེང་མ་ཐག་ཕ་རོལ་བོར་འཛམ་གླིང་གི་གྲུ་ག་གང་སར་ཡོད་པའི་ཚོགས་པ་སྤྱིར་བཏང་བ་ཞིག་ལས་གོ་བ་གཞན་སྟེར་རྒྱུ་མེད་ལ། བོད་མི་ཞེས་པའི་རྒྱབ་ཏུ་བཙན་བྱོལ་བ་བསྐུང་ཡོད་ཅིང་། བོད་དོན་སེལ་ཐབས་སུ་དམིགས་པའི་འཐབ་རྩོད་ཀྱི་ངོ་བོ་རྩ་བ་ནས་དོར་ཚར་འདུག་པའང་ཤེས་ཐུབ། དེ་བས། བོད་མི་དམངས་ཀྱི་ཕུགས་བསམ་གཏོར་ནས“རང་རང་མ་ཤི་རང་རང”ཞེས་པའི་གནས་སྟངས་ཤིག་གི་སྟེང་དུ་བསྐུལ་འདེད་བྱས་འདུག

ཕྱོགས་གཅིག་ནས་རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས་གསུངས་པ་ནང་བཞིན། “ སྔོན་མ་ཡིན་ན་ང་ཚོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟེར་པ་ཞིག་ཡོད། ད་ལྟ་ངས་ཡིག་ཆ་འདིར་བལྟས་ཡོང་དུས་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་འཁོད་འདུག གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན་ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད་དམ། དབྱིན་སྐད་དུ་ ( Is this a government in Exile or Is this a government of Tibetans in Exile? ) གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་ངས་དཔྱ་ཁྲལ་མ་དངུལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པོར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད”༣ ཅེས་པ་ནི་རྒན་གཅིག་པུ་མ་ཡིན་པར་སྨྱུག་ཐོགས་པ་གཉིས་ཀྱི་མཐའ་འཁོར་དུའང་ད་ནས་བཟུང་དཔྱ་ཁྲལ་མ་དངུལ་འབུལ་ས་ཞིག་ལ་མ་གཏོགས་“བོད་མིའི་སྒྲིག་འཛུགས་”ལ་འབུལ་རྒྱུ་མེད་ཟེར་མཁན་མང་པོ་བྱུང་སོང་།

ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་སྲིད་དོན་རིག་པའི་ལོ་རྒྱུས་རྒྱུན་རིང་ཞིང་། ཡིག་ཐོག་ཏུ་བཀོད་ནས་ལོ་ངོ་གཉིས་སྟོང་ལྷག་བརྒལ་ཡོད་པས། “རང་གཞན་གཉིས་ཀར་རྒྱུས་ལོན་ན། ཐེངས་བརྒྱར་འཐབ་ཀྱང་ཕམ་པ་མེད”ཅེས་སྲིད་དོན་འཐབ་རྩལ་ལ་བསྡོམས་ཚིག་བཀོད་པར་མ་ཟད། མའོ་ཙེ་ཏུང་གིས་རིགས་ལམ་དེ་དག་སྤྱི་བསྡོམས་ཀྱིས“གདེངས་ཚོད་མེད་པའི་འཐབ་འཁྲུག་རྒྱག་མི་རུང”ཞེས་མངག་བཅོལ་ནན་མོ་བྱས་ཡོད། དེ་བས། ཕྱི་ལོ ༢༠༡༡ལོའི་ཟླ ༥ཚེས་ ༥ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་སྟེང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་ལན་འདེབས་བཅར་འདྲིའི་ནང་། “ ཏཱ་ལའི་བླ་མའི་སྐུ་ཚབ་ཀྱིས་དབུས་གཞུང་ལ་སྤྲད་པའི‘བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར’ ཡིག་ཆ་དེ་གཞུང་གིས་སྐབས་ཐོག་དེར་ཕྱིར་སློག་ཟིན་ནའང་། ཡུལ་གྱར་སྲིད་གཞུང་གིས་རྒྱ་ནག་དབུས་གཞུང་གི་བརྡ་ལན་ལ་སྒུག་ཡོད་སྐོར་མ་ཡིན་ཡིན་མདོག་བསྟན་དེ། ད་ལྟའི་བར་རང་གཞན་གཉིས་ཀར་མགོ་སྐོར་གཏོང་བཞིན་ཡོད་པ་དང་། དབུས་གཞུང་གི་ཕྱོགས་ནས་བོད་ཀྱི་གནད་དོན་དང་། བོད་ཆེན་པོའི་ས་ཁུལ་རང་སྐྱོང་ཟེར་བ་ཞིག་རྩ་བ་ནས་གྲོས་མོལ་བྱ་མི་སྲིད། འབྲེལ་མོལ་གྱི་ཐད་དབུས་གཞུང་ལ་རྩ་གནད་གཉིས་ཡོད་དེ། གཅིག ཕར་ཕྱོགས་ཀྱི་ཐོབ་ཐང་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་འཐུས་ཚབ་ཁོ་ན་ལས། གཞན‘ཡུལ་གྱར་སྲིད་གཞུང’དེར་སུ་ཞིག་གིས་བཀའ་བློན་གྱི་འགན་འཁུར་ཡང་རུང་། དེ་དག་ཚང་མ་ནི་མེས་རྒྱལ་ལ་ངོ་ལོག་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་ཅིག་ལས་མ་འདས་པས། ཁྲིམས་མཐུན་གྱི་ངོ་བོ་མེད་པར་མ་ཟད། རྒྱ་གཞུང་དང་གྲོས་མོལ་གྱི་ཐོབ་ཐང་གང་ཡང་མེད། གལ་སྲིད་ཡུལ་གྱར་སྲིད་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཕན་ཚུན་གདོང་ཐུག་སྐབས་ག་དུས་ཡིན་ཡང་ཁོ་ཚོ་བཙན་བྱོལ་གཞུང་གི་འཐུས་ཚབ་ཡིན་ཞེས་བརྗོད་ཐུབ་ཀྱིན་མི་འདུག་ལ། རྒྱུན་པར་ཕྱིར་ལོག་རྗེས་བཙན་བྱོལ་གཞུང་གི་འཐུས་འཚབ་ཡིན་མདོག་གིས་རྒྱལ་སྤྱིའི་སྒང་ལ་རྫུན་གཏམ་ཤོད་ཀྱིན་འདུག དེ་ནི་འབྲེལ་མོལ་ལ་བསམ་ངན་ཞེ་བཅངས་ཀྱིས་གཏོར་བཤིག་བཏང་བ་ཞིག་རེད། གཉིས། འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཁོ་ན་དང་། ཆེས་མང་ནའང་ཁོའི་ཉེ་འཁོར་གྱི་མི་ཉུང་ཤོས་ཤིག་གི་མདུན་ལམ་གནད་དོན་ཡིན། ཡང་གཅིག་བཤད་ན། ཏཱ་ལའི་བླ་མས་ཁ་བྲལ་རིང་ལུགས་པའི་ལངས་ཕྱོགས་དང་བསམ་འདུན་རྨང་ནས་དོར་ཏེ། དབུས་གཞུང་དང་རྒྱ་ནག་མི་དམངས་ཀྱི་བསམ་ཤེས་ཐོབ་ཐུབ་ལ་བརྩོན་རྒྱུ་དང་། ཁོ་རང་སྐུ་སྒེར་གྱི་གནད་དོན་ཇི་ལྟར་ཐག་གཅོད་མིན་ཡིན། ”

དེ་མཚུངས་སུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཀྲུའུ་ཞི་པདྨ་འཕྲིན་ལས་ཀྱིས་ཕྱི་ཚེས ༡༩ཉིན་གསར་འགོད་པར་བརྗོད་དོན། དབུས་སྲིད་གཞུང་གི་ལངས་ཕྱོགས་གསལ་བོ་ཡིན། “འབྲེལ་མོལ་བྱེད་ནའང་། ཏཱ་ལའི་བླ་མ་སྒེར་དང་ཁོའི་ཉེ་འཁོར་གྱི་མིའི་མདུན་ལམ་གནད་དོན་ལས་མེད། … … གལ་སྲིད་ཁོ་བོས་བོད་རང་བཙན་གྱི་ལྟ་བ་དོར་ནས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་དང་། བོད་ལྗོངས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དང་ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པ་ངོས་ལེན་བྱས་ཚེ་ད་གཟོད་སྐད་ཆ་ཅི་ཡང་བཤད་ཆོག”( ༤)

གོང་གསལ་རྒྱ་རིགས་དཔོན་རིགས་འདི་དག་གི་གཏམ་བཤད་ལས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། བོད་གཞུང་ནས་སྒྲིག་འཛུགས། སྒྲིག་འཛུགས་ནས་ཀྲུང་གོའི་ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ལྟ་བུར་བསྒྱུར་ནའང་། བོད་ཀྱི་གནད་དོན་རྩ་བ་ཉིད་ནས་ཁས་ལེན་བྱེད་ཀྱི་མེད་པ་དང་བོད་རྒྱ་འབྲེལ་མོལ་ཟེར་བའང་མི་ཁ་ཤས་ཀྱི་མདུན་ལམ་མ་གཏོགས་གླེང་རྒྱུ་ལྷག་མེད་པའི་བསྒྲགས་གཏམ་ཡིན་པ་ངེས་པར་དུ་བོད་མི་ཚོས་ཤེས་དགོས་ཀྱི་ཡོད། ད་དུང་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུའི་གནད་དོན་གྱིས་མཚོན་པའི་ངོས་ལེན་བྱེད་དགོས་པ་ཁག་ཅིག་རྒྱབ་ལོགས་སུ་ཡིབ་ཡོད་པས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱང་ལམ་ལོགས་ཤིག་ཏུ་འཁྲིད་རྩིས་མེད་པའང་མིན།

བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་གསར་བ།

སྔར་ཟམ་གདོང་རིན་པོ་ཆེ་ཡིས་གངས་ཅན་སྐྱིད་གཤོངས་ནི་མོ་ཊ་ཀོབ་ཏོ་ཞིག་ཡིན་ཞེས་བསྡོམས་ཚིག་བཞག་ཡོད་པར་ལྟ་སྐབས། ཀོབ་ཏོ་ཡིན་པ་མ་གཏོགས་ད་དུང་བསྐོར་ནས་འགྲོ་ཆོག་པ་གསལ་བོར་བསྟན་ཡོད། འོན་ཀྱང་། སྟབས་ཉེས་ནས་དབུ་ཁྲིད་གསར་བ་ཐད་འདེམས་གནང་གྲུབ་མཚམས་གངས་ཅན་སྐྱིད་གཤོངས་སྔར་གྱི་མོ་ཊ་ཀོབ་ཏོ་ནས་བསྐོར་ནས་འགྲོ་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། གལ་སྲིད་མོ་ཊ་ཀོབ་ཏོ་དེ་བསྐོར་ནས་འགྲོ་དགོས་ཚེ་རྡོ་སྣུམ་ཐད་ཀར་པེ་ཅིན་ནས་ཉོ་དགོས་པ་དང་བཟོ་མཁན་རྒྱ་གར་ནས་གླ་ཆོག་མིན་ཡང་པེ་ཅིན་ལ་ཐུག་ཡོད་པའི་གནས་སྟངས་འོག་ཚུད་ཡོད་པས། རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་ནས་རྒྱལ་བ་རིན་པོ་ཆེར་སྲིད་འགན་ཕུལ་དུས་ཀྱི་གནས་སྟངས་ལས་ཀྱང་ཡ་ང་བ་ཞིག་ཆགས་ཡོད་ཅིང་། བློ་བཟང་སེང་གེ་མཆོག་གིས“ངས་འོས་བསྡུའི་ལས་རིམ་སྐབས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་གཞི་རིམ་གྱི་ལྟ་གྲུབ་གསུམ་བཤད་པ་ཡིན། ལས་གཞི་དེ་ཚོ་གཞི་ནས་མགོ་བརྩམ་དགོས་པ་ཞིག་ཡིན་ཡང་། ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཕྱིར་མིག་ཅིག་བལྟས་ན། ཁོང་གིས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་གསུམ་གྱི་ཐོག་ཕྱག་ལས་གནང་ཚར་ཡོད་པ་ཞིག་རེད” ཅེས་པའང་སྐབས་སུ་བབས་པའི་གཏམ་དོན་སྙིང་ཅན་ཞིག་ཏུ་འདོད།

མ་གཞི་དབུ་ཁྲིད་གསར་བའི་ལག་པ་ནས་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་ཐུག་ནའང་། ཁྲིམས་ཐོག་ནས་རྩོད་པ་བྱེད་ས་ཞིག་ལྷག་ཡོད་པར་མ་ཟད། རྒྱལ་ཁབ་གཞན་ལ་གནས་སྤོར་ནས་མུ་མཐུད་བོད་ཀྱི་གནད་དོན་གཙང་སེལ་མ་ཡོང་བར་དུ་གནས་ཐུབ་པ་ཞིག་ཡིན་མོད། ད་ལྟ་དེ་གཉིས་ཀྱི་ལམ་ཁའང་རྦད་དེ་འགག་ཚར་བ་ཞིག་རེད།

བོད་མིའི་སྒྲིག་འཛུགས་དང་མ་འོངས་རྒྱང་ལྟ།

རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པའི་བརྗོད་པ་ལྟར། “གལ་སྲིད་ཡུལ་གྱར་སྲིད་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད”ཅེས་པ་ལྟར། ད་ལྟ་རང་འགུལ་གྱིས་སྒྲིག་འཛུགས་ལ་འཕོ་བསྐྱོད་བྱས་ཡོད་པས། པེ་ཅིན་སྲིད་གཞུང་ལ་བོད་ཀྱི་གནད་དོན་ཐད་རང་འགུལ་དབང་ཆ(Initiative)རག་ཡོད་ཅིང་། སྔར་ཕན་ཐོགས་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ངོས་ནས་སྔར་བཙན་བྱོལ་བོད་གཞུང་ཞེས་བོད་ལ་མགྲིན་ཚབ་པ་ཞིག་ཡོད་པ་དང་དེར་འཇུས་ནས་བོད་ཀྱི་གནད་དོན་མུ་མཐུད་དུ་གླེང་སློང་གིས་ནུས་པ་གང་ལ་གང་འཚམས་ཤིག་འདོན་ཐུབ་ཀྱི་ཡོད་ནའང་། ད་ལྟ་རྦད་དེ་རྒྱ་ནག་གི་ནང་སྲིད་དུ་གྱུར་ཡོད་པ་དང་སྒོས་སུ་བོད་ལ་གནད་དོན་ཞེས་པ་ཞིག་མེད་ཅེས་གོང་དུ་གསལ་བརྗོད་བྱེད་ཀྱིན་པ་ལྟར་རེད་ལ། བཙན་བྱོལ་བ་རྣམས་སྟབས་བསྟུན(passive)གྱི་གནས་སྟངས་འོག་ཚུད་ནས་ཁྲིམས་འགལ་ཡིན་མིན་དང་ཕྱིར་ཕ་ཡུལ་དུ་ལོག་ཆོག་མིན་ཙམ་གྱི་སྨྲ་དབང་མ་གཏོགས་ཅི་ཡང་ལྷག་མེད། དེ་བས། བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་《ཆུ་ངོགས་གཏམ་རྒྱུད་》ས་པའི་སྒྲུང་གཏམ་སྐད་གྲགས་ཅན་དེ་ཀློག་འོས་པའི་དུས་སུ་བབས་ཡོད་པ་ཞིག་ཡིན།

འོ་ན། ད་ཐབས་ལམ་ཅི་ཡང་ལྷག་མེད་དམ་ཞེ་ན། དེའང་མ་རེད། དབུས་གཞོན་ནུ་ལྷན་ཚོགས་ཀྱིས་དེང་གི་བར་རྒྱལ་ཁབ་སླར་གསོའི་ལྟ་བ་ཁུར་ནས་ཡོང་ཡོད་པ་དང་ལས་འགུལ་ཡང་དེའི་ཐད་སྤེལ་ཡོད་པས། ‘བཙན་བྱོལ་བོད་གཞུང’ཞེས་པའི་མིང་བྱང་འདིར་བདག་པོ་རྒྱག་པའི་དུས་སུ་སླེབས་ཡོད་ལ། དེ་ལྟར་དབུས་གཞོན་ནུ་ལྷན་ཚོགས་བོད་ཕྱི་ནང་གཉིས་ཀྱིས་རང་དབང་སླར་གསོའི་རེ་བ་རྒྱག་ཡུལ་དུ་འགྱུར་སྲིད་པར་མ་ཟད། “བོད་མིའི་སྒྲིག་འཛུགས་” ཟེར་བར་དང་བླངས་དཔྱ་དངུལ་མི་ཕུལ་མཁན་རྣམས་ཀྱིས་ཀྱང་གཞོན་ལྷན་ལ་ཕུལ་སྲིད་པར་མ་ཟད། དབུས་གཞོན་ལྷན་ནས་བོད་ཀྱི་རང་དབང་སླར་གསོ་དང་རྒྱལ་ཁབ་སླར་གསོའི་ཁུར་ཆེན་དང་དུ་བླངས་ནས་གྲ་སྒྲིག་གི་རིམ་པ་ཆ་ཚང་མ་ནོར་བ་ཞིག་དང་ཐག་གཅོད་ཀྱི་རིམ་པ་དུས་བསྟུན་གྱིས་མ་འོངས་པར་འཇོག་པའི་ལས་གཞིའི་མགོ་བརྩམ་འོས་པ་ཞིག་ཡིན། དེ་ལ་དགོས་པ་རྒྱུ་མཚན་ཁ་ཤས་ཡོད་པ་གཤམ་གསལ།

༡ ༽བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་འཐབ་ཇུས་བར་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་པར་མ་ཟད། རྒྱ་ནག་གི་སྟོབས་ཤུགས་ཇི་ལྟར་རྒྱས་ན་དེ་ལྟར་བོད་དོན་གྱི་རིན་ཐང་མཐོ་ནས་མཐོ་རུ་འགྲོ་སྲིད་པའི་མདུན་ལྗོངས་ཡངས་པོ་ཡོད། ཡིན་ནའང་། བོད་ཀྱི་ཚབ་མཚོན་ཐུབ་པའི་གཞུང་ཞིག་གི་མིང་གནས་ངེས་པར་དུ་འཛིན་ཐུབ་དགོས་པའང་ཆོས་ཉིད་ལྟ་བུར་བརྗོད་ཆོག

༢ ༽རྒྱ་གར་ནག་བར་གྱི་འབྲེལ་ལམ་དཔལ་འབྱོར་གྱི་མགྱོགས་ཚད་དང་བསྟུན་ནས་སྣ་མང་གི་ཕྱོགས་སུ་འཕེལ་སྲིད་ཀྱང་རྒྱལ་སྲུང་འཐབ་ཇུས་ཐད་ཕན་ཚུན་གཉིས་ཀྱིས་ལྷོད་ཡངས་གཏོང་མི་སྲིད་པས། བོད་ཀྱི་གནད་དོན་ནི་རྒྱ་གར་ལ་མཚོན་ན་རིན་ཆེན་ནོར་བུ་ཞིག་ཡིན་ལ། དེའི་ཚབ་མཚོན་ཐུབ་པའི་བཙན་བྱོལ་བོད་གཞུང་གི་མིང་གནས་ནི་རྒྱ་གར་རྒྱལ་སྲུང་བདེ་འཇགས་ཀྱི་ཁག་ཐེག་གམ་ཁ་གཡར་ས་གཙོ་བོ་ཞིག་ཏུ་ལྟ་ཆོག་གི་ཡོད།

༣༽ བོད་ཀྱི་ཁོར་ཡུག་ནི་ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་འཚོ་སྡོད་དང་ཐད་ཀར་འབྲེལ་ཡོད་པས། རིམ་པས་བཙན་བྱོལ་བོད་གཞུང་གི་མིང་གནས་འདི་བཞིན་གཙིགས་ཆེན་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པའི་ཁར། དེར་བརྟེན་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་ཞིག་སྤྲོད་ཐུབ་ཀྱི་ཡོད་པས་ཡིན།

༤༽ བོད་ཕྱི་ནང་གཉིས་སུ་གཞོན་སྐྱེས་མི་རབས་ཀྱིས་བོད་ཀྱི་གནད་དོན་ཕྲག་སྟེང་དུ་བླངས་དང་ལེན་བཞིན་པའི་དུས་སུ་སླེབས་ཡོད་པས། བཙན་བྱོལ་བོད་གཞུང་ཞེས་པའི་མིང་གནས་འདིར་ཚོན་མདོག་ལྷག་མ་ཞིག་སྣོན་བཞིན་ཡོད་ཅིང་། ཕུགས་བསམ་ནས་དངོས་ཡོད་ཀྱི་ལམ་ཁར་འཇུག་ཐུབ་པར་རེ་བ་ཤིན་ཏུ་ཆེ།

༥༽ རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ལ་བོད(Tibet)ཅེས་མི་འབོད་པར་བོད་མི(Tibetan) ཡང་ན་བོད་ཡུལ (Tibet area) ལྟ་བུར་བརྗོད་ཚེ་ཐད་ཀར་རྩོད་པ་རྒྱག་མཁན་དང་ཧང་སངས་པའི་རྣམ་འགྱུར་སྟོན་མཁན་མང་པོ་འདུག་པས། ཉུང་མཐར་འདི་དག་ཀྱང་བོད་མི་དམངས་ལ་མཚོན་ན་རྒྱབ་བསྐྱོར་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡན་གར་བ་ཞིག་ཀྱང་ཡིན། དེའང་གཞན་མ་ཡིན་པར་ཁྲིམས་ཐོག་ནས་མུ་མཐུད་དུ་རང་ཉིད་ཀྱི་བདེན་པ་དམ་འཛིན་གྱིས་གོ་སྐབས་ནམ་ཡོང་ལ་སྒྲ་སྒྲིག་ཨང་གསར་གྱིས་སྒུག་དགོས་ཀྱི་ཡོད་པ་དེ་སྟོན་བཞིན་ཡོད།

མཐའ་བསྡོམས་དང་རྟིང་བསྐུལ།

བོད་ཀྱི་གཏམ་དཔེར། “བུ་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག”ཅེས་པའི་དཔེ་ལྟར། “བོད་མིའི་སྒྲིག་འཛུགས”ཟེར་བའི་བྱུང་སྟངས་དང་ནུས་པ་ཅི་ཐོན་རྒྱུ་ཡིན་མིན་སྐོར་རོབ་ཙམ་གླེང་ཟིན་པའི་ཁུལ་ཡིན་ལ། ད་ལྟ་བོད་ཕྱི་ནང་གཉིས་དང་རྒྱ་ནག་གསར་ལམ་དུ་ཁྱབ་བརྡལ་མ་སོང་བའི་ཡར་སྔོན“བཙན་བྱོལ་བོད་གཞུང”གི་མིང་གནས་འདིར་བདག་པོ་རྒྱག་མཁན་མ་བྱུང་བའི་ཕྱི་ཉིན། བོད་ཕྱི་ནང་གཉིས་ནས་བདག་པོ་རྒྱག་མཁན་བྱུང་སྲིད་ཀྱི་རེད་ལ། དེ་དུས་བོད་མི་ཚོས་ནང་འཁྲུག་གསར་བ་ཞིག་རྒྱག་དགོས་ཐུག་ཡོད་པར་མ་ཟད། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོ་ནང་བཞིན་གཅིག་འོག་གཅིག་ལ་མི་འདུ་བའི་ཤོག་ཁག་དུ་མར་འགྱུར་སྲིད་པའི་ཁར། གཅིག་གིས་གཅིག་ལ་རྒྱ་ནག་གཞུང་གི་སོ་བ་ཡིན་མིན་གྱི་བསྙོན་འཛུགས་འོག་ཡུན་རིང་ལྷག་མི་སྲིད་པའང་མིན། གཅིག་བྱས་ན་གྲ་སྒྲིག་བློ་མཐུན་ཚོའི་སྐད་མགོ་གཞན་ལས་མཐོ་མི་སྲིད་པའང་མིན། ཡིན་ནའང་། བོད་ཀྱི་གནད་དོན་གྱི་རིན་ཐང་ཡལ་མི་སྲིད་པས། བོད་ལ་དངོས་གནས་ཕན་ཐོགས་མཁན་ནམ། རྒྱ་ནག་དང་འཛམ་གླིང་གི་འགྱུར་བར་བསྟུན་ནས་གྲ་སྒྲིག་ཨང་གསར་བྱེད་ཐུབ་མཁན་གྱི་ཤོག་ཁག་དེར་རང་བཞིན་གྱིས་གུས་བརྩི་དང་རྒྱབ་བསྐྱོར་ཐོབ་ཀྱི་རེད།

ཕྱི་ལོ ༢༠༡༡ལོའི་ཟླ ༥ཚེས ༢༩ཉིན་རྩོམ་མཇུག་བསྡུས།

Share this:
༥༦ ཀློག་གྲངས།