མི་མང་གིས་རྣག་ཁྲག་ལས་བསགས་པའི་དངུལ་ང་ཚོར་མི་དགོས།

ཕྱི་ཟླ་ ༥ ཚེས་ ༢༦ ཉིན་ཟླ་ཕྱེད་ཀྱི་ཟླ་ཕོག་སྤྲོད་ཀྱི་ཡིན་ཟེར་ནས་གྲྭ་པ་རེར་རྒྱ་སྒོར་ ༤༠༠ རེ་སྤྲད་འདུག་མོད། གྲྭ་པ་མང་པོ་ཞིག་གིས་བླངས་མེད་ཀྱང་། རྒྱ་གཞུང་གི་ལས་བྱེད་པ་ཚོས་ཐབས་ཤེས་ཞི་དྲག་སྣ་ཚོགས་ཀྱིས་ལེན་དགོས་ཚུལ་ཡང་དང་བསྐྱར་དུ་བཤད་པར་བརྟེན། གྲྭ་པ་ཁག་ཅིག་གིས་སྒོར་མོ་བླངས་ཏེ་གཙབ་ནས་གཏོར་ཡོད་འདུག་པ་དང། གྲྭ་པ་བཞི་བཅུ་ལྷག་ཅིག་གིས་གཏན་ནས་མ་བླངས་པར་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་འདུག སྐབས་དེ་དག་ཏུ་གྲྭ་པ་ཚོ་དང་ལས་བྱེད་པའི་བར་དུ་འགལ་བ་དང་རྩོད་གླེང་མང་པོ་བྱུང་འདུག་ལ། གྲྭ་པ་ཚོས་བརྗོད་དོན་མི་མང་གི་ཁྲག་དང་སྣག་གིས་བསགས་པའི་སྒོར་མོ་ང་ཚོར་མི་དགོས། དེ་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གང་དང་འགལ་ཡོད་ན་ཉེས་པ་དྭངས་ལེན་བྱེད་ཀྱི་ཡིན། ཁྱེད་ཚོས་ད་བར་ཉེས་པ་གང་ཡང་མེད་པའི་མི་མང་ཉིས་སྟོང་ལྷག་ཟླ་བ་གཉིས་ལྷག་གི་རིང་མཚོན་ཆ་བཟུང་བའི་དྲག་པོའི་དམག་མི་དང་ཉེན་རྟོག་པ། ད་དུང་དམིགས་བསལ་ཉེན་རྟོག་བཅས་ཀྱི་ལྟ་རྟོག་འོག་འགྲོ་འདུག་གི་རང་དབང་ཙམ་ཡང་མེད་པར་བཞག་ཡོད་པ་དང། དེའི་རིང་རྒྱུན་ལྡན་གྱི་སློབ་སྦྱོང་དང་ཆོས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མ་བཅུགས་པར་བཀག་བསྡོམས་བྱས་པ་སོགས་རྒྱ་ནག་དབུས་གཞུང་གིས་ཤེས་ཡོད་མེད་ལ་དོགས་པ་ཡོད། ང་ཚོས་ངོས་ནས་དབུས་གཞུང་ལ་གཏུགས་བཤེར་བྱེད་རྒྱུ་ཡིན་ཟེར་བ་སོགས་བརྗོད་དེ་རྩོད་གླེང་ཤུགས་ཆེ་བྱས་ཡོད་འདུག

གྲྭ་པ་ཚོར་མུ་མཐུད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་མུས་ཡིན་པ་དང་། སྔ་དྲོ་རྟག་པར་ལས་བྱེད་ཚོས་གཏམ་བཤད་སྣ་ཚོགས་བྱེད་བཞིན་པ་དང། ཕྱི་དྲོ་གྲྭ་པ་ཚོར་དེ་ལ་ཡིག་ཐོག་ནས་ལན་འདེབས་བྱེད་འཇུག་གི་ཡོད་འདུག་སྟབས། གྲྭ་པ་ཚོས་ཡི་གེ་མ་བྲིས་པ་དང་ཡི་གེ་ཁོང་ཚོའི་བསམ་པ་ལྟར་མ་བྲིས་པ་སོགས་ཀྱིས་ཀྱང་དཀའ་ངལ་མང་པོ་ཞིག་བྱུང་དང་འབྱུང་མུས་ཡིན་འདུག་པ་བཅས།

གནས་ཚུལ་མཁོ་གཏོང་བ་རྡ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

Share this:
༤༢ ཀློག་གྲངས།