རྒྱ་གར་གི་ཡོ་གའི་སློབ་དཔོན་བྰ་བྰ་རམ་དེཝ་ཡི་ཟས་བཅད་ངོ་རྒོལ།

ཕྱི་ཕྱོགས་སུ་དངུལ་འབོར་ཆེན་པོ་བཞག་མཁན་གྱི་མི་བྱེ་བྲག་པ་དེ་རྣམས་ལ་སྲོག་ཐོག་གི་ཉེས་ཆད་བཏང་དགོས་པ། དེ་བཞིན་དུ་རྒྱ་གར་ལུང་པའི་ནང་དུ་ལྐོག་ཟ་རུལ་སྲུང་དར་ཁྱབ་ཤུགས་ཆེ་ཡོད་པ་དེ་མེད་པ་བཟོ་བའི་ཆེད་དུ་ས་གནས་ས་ཐོག་ནས་ཡར་བརྩིས་པའི་མྱུར་སེལ་ཁྲིམས་ཁང་རེ་འཛུགས་དགོས་པའི་རེ་འདུན་གཉིས་བཏོན་ཏེ་དུས་ཚོད་ངེས་མེད་ཀྱི་ཟད་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

ཕྱི་ཟླ་༦ ཚེས་༤ མཚན་མོའི་ཆུ་ཚོད་ ༡ ཙམ་ལ་ས་གནས་སྐོར་སྲུང་དམག་མི་ཡོང་སྟེ་བྰ་བྰ་རམ་དེཝ་དང་མཉམ་དུ་ཡོད་པའི་ཟས་བཅད་ངོ་རྒོལ་བ་རྣམས་ས་གནས་དེ་ནས་ཕྱིར་སྤྲོད་བཏང་ཡོད་པ་རེད།   བྰ་བྰ་རམ་དེཝ་ལ་རང་གི་གནས་ཡུལ་ཧ་རི་དུ་ཝར་(Hariduar)དུ་གྱེན་འཕུར་གནམ་གྲུ་བརྒྱུད་ནས་ཕར་བསྐྱལ་ཡོད་འདུག  ཕྱི་ཉིན་བྰ་བྰ་རམ་དེཝ་ནས་གསར་འགོད་པ་ཚོར་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་དབུས་གཞུང་ནས་ཁོང་དང་མཉམ་དུ་ཟས་བཅད་ངོ་རྒོལ་བྱེད་མཁན་ཚང་མ་མང་གཙོའི་ལམ་ལུགས་དང་མི་མཐུན་པའི་བཙན་དབང་གིས་ཐོག་ནས་ཕྱིར་འཕུད་བཏང་བ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། རང་གིས་དེ་སྔ་ནས་འགོ་འཛུགས་བྱས་པའི་ཟས་བཅད་ངོ་རྒོལ་དེ་ད་ལྟ་ཡང་མུ་མཐུད་ནས་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་ཕྱོགས་འགལ་སྲིད་དོན་ཚོགས་པ་བྷི་ཇེ་པི་(B.J.P)དང་། ཨེསི་པི་(S.P)གཉིས་ནས་བྰ་བྰ་རམ་དེཝ་ལ་རྒྱབ་སྐྱོར་བྱས་པའི་ཐོག་ཀོང་རཱེས་ཚོགས་པས་སྣེ་ཁྲིད་པའི་དབུས་གཞུང་གི་བྱ་སྤྱོད་དེ་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།  རྒྱ་གར་དབུས་གཞུང་གིས་དེའི་ལན་དུ་བརྗོད་དོན་ཕྱི་ཚེས་༣ ཉིན་མོ་བྰ་བྰ་རམ་དེཝ་དང་སྐད་ཆ་བྱུང་བའི་ནང་ཁོང་གིས་བཏོན་པའི་རེ་འདུན་རྣམས་ཀྱི་ནང་ནས་སྲོག་ཐོག་གི་ཉེས་ཆད་མ་གཏོགས་གཞན་ཐམས་ཅད་གཞུང་གིས་ལག་བསྟར་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། ཁོང་གིས་ཟས་བཅད་ངོ་རྒོལ་དེ་ད་དུང་ཡང་མཚམས་འཇོག་མ་བྱས་པར་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཏུ་འགྱུར་ཐབས་བྱས་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་རེད། ཡིན་ནའང་བྰ་བྰ་རམ་དེཝ་ཡིས་དེའི་སྐོར་གསལ་བཤད་བྱས་དོན་དབུས་གཞུང་ནས་ཁོང་ལ་ཡི་གེ་བྲིས་བའི་ཐོག་ཁས་ལེན་གང་ཡང་མ་བྱས་སྟབས། ཟས་བཅད་ངོ་རྒོལ་དེ་མཚམས་འཇོག་བྱེད་ཐུབ་མེད་ཅེས་བརྗོད་ཡོད་པ་དང། ཁོང་གིས་ད་དུང་མུ་མཐུད་དེ་དབུས་གཞུང་ལ་གནོན་ཤུགས་སྤྲོད་པའི་ཆེད་དུ་རྒྱལ་ས་ལྡི་ལི་གསར་པའི་ཉེ་འདབས་སུ་ཡོད་པའི་ཡུ་པི་མངའ་སྡེའི་གྲོང་ཁྱེར་གཱ་ཛི་ཡ་བྰད་(Gaziabad)དམ་ཡང་ན་ནོའི་ཌ་(Noida)གང་རུང་གཉིས་ལ་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་པའི་བསམ་འཆར་བཏོན་ཡོད་ཀྱང་མངའ་སྡེ་སློན་ཆེན་མ་ཡ་ཝ་ཏི་(Mayawati)མཆོག་གིས་དེ་ལྟར་བྱ་མི་ཆོག་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། ད་ལྟ་ཡོ་གའི་སློབ་དཔོན་ཆེན་པོ་བྰ་བྰ་རམ་དེཝ་ནས་ཧ་རི་དུ་ཝར་དུ་ཡོད་པའི་རང་གི་ཡོ་གའི་ལྟེ་གནས་ཁང་དུ་མུ་མཐུད་ཟས་བཅད་ངོ་རྒོལ་གནང་སྟེ་བཞུགས་ཡོད་པ་རེད།།

Share this:
༣༠ ཀློག་གྲངས།