དཔལ་ལྡན་སྨད་རྒྱུད་པའི་གངས་ཅན་རིག་གནས་སློབ་གྲྭའི་གསལ་བསྒྲགས།

ནང་ཆོས་གཙོ་གྱུར་བོད་ཀྱི་རིག་གནས་ལ་སློབ་སྦྱོང་གནང་འདོད་ཡོད་རིགས་ལ་སློབ་སྦྱོང་བྱ་སའི་བསྟི་གནས་ཤིག་གསར་འཛུགས་དགོས་སྐོར་བཀའ་ནན་སྤྱི་ཕེབས་དགོངས་དོན་བཞིན། བཀའ་དགོངས་དང་དུ་བླངས་ནས་སློབ་ཁང་སོགས་ཨར་ལས་དང་ཕྱི་ནང་གི་མཐུན་རྐྱེན་མི་དམན་པར་གསར་སྐྲུན་གྱིས་འདས་ལོ་ཕྱི་ཟླ་བཞི་པའི་ནང་དབུ་འབྱེད་ཟིན་པ་དང་། མཚན་ཡང་༧གོང་ས་མཆོག་གིས་ཇི་བསྩལ་བ་ལྟར་། གངས་ཅན་རིག་གནས་སློབ་གྲྭ། ཞེས་འབོད་པ་ཡིན།

སློབ་གྲྭ་འདིས་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུ་བོད་ཀྱི་རིག་གནས་སློབ་སྦྱོང་སྤྲོད་ཐབས་སུ། ལས་གཞི་ཁག་གཉིས་ཏེ། འཆར་ཅན་དང་། འཕར་མ་གཉིས་ལས་འཕར་མའི་ལས་གཞིའི་ཁོངས་དུས་ནས་དུས་སུ་ནང་ཆོས་བགྲོ་གླེང་གོ་སྒྲིག་དང་།  བོད་ཁྱིམ་དང་གཏན་ཉིན་སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་སྐབས་སློབ་གྲྭའི་ལས་ཁུངས་སོ་སོའི་འཕྱར་གྲུ་མཉམ་འདེགས་ཐོག་རང་སྦྱོང་གི་འཛིན་གྲྭ་ཚུགས་པ་དང་། མཁས་དབང་གདན་ཞུས་ཀྱི་བཀའ་སློབ་གོ་སྒྲིག་ཞུ་བ། ས་གནས་མི་མང་ལ་ས་གནས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་འབྲེལ་ལམ་ཐོག་ས་གནས་མི་མང་ལ་བདུན་རེར་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་ཚོགས་པ་བཅས་གང་ལ་ཅི་ནུས་ཀྱིས་༧རྒྱལ་བའི་དགོངས་གཞི་སྒྲུབ་ཐབས་དང་། བོད་ཀྱི་རིག་གནས་ཐོག་སྤྱི་སྨན་ཞབས་ཞུའི་ལས་དོན་ཞུས་དང་ཞུ་མུས་སུ་ཡོད་ཅིང་། འབྱུང་འགྱུར་ཡང་བོད་ཁྱིམ་དང་། གཏན་ཉིན་སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་ལ་རང་སྦྱོང་གི་འཛིན་གྲྭ་ཚུགས་རྒྱུའི་ལས་རིམ་འཆར་གཞི་ཡོད་ལ། དེང་སྐབས་ཀྱང་ཧུན་སུར་ས་གནས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཕྲུག་འཛིན་གྲྭ་ལྔ་པ་ཡན་ལ་སློབ་ཕྲུག་བརྒྱ་ཕྲག་བརྒལ་བ་ལ། ས་གནས་ཕ་མའི་ལྷན་ཚོགས་དང་མཉམ་རུབ་ཐོག་དབྱར་ཁའི་གུང་སེང་རིང་སློབ་ཕྲུག་རྣམས་ལ། ནང་ཆོས་དང་རིགས་ལམ་བོད་ཡིག་བཅས་ཀྱི་རང་སྦྱོང་འཛིན་གྲྭ་ཚོགས་མུས་སུ་ཡོད་ལ། ས་གནས་མི་མང་ལ་བདུན་རེར་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་ཚོགས་བཞིན་པ་འདིར།
འབྱུང་འགྱུར་དགེ་ཕན་ཆེད་ཡིག་རྒྱུགས་བླངས་ཏེ། རྩེར་སོན་གྲོང་སྡེ་གསུམ་ལ་གངས་ཅན་རིག་གནས་སློབ་གྲྭ་དང་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་གཟེངས་བསྟོད་བྱ་དགའ་གནང་བའི་སྲོལ་ལམ་བཟང་པོ་གཏོད།

འཆར་ཅན་གྱི་ལས་གཞིའི་ནང་། མི་རིགས་དང་ཕོ་མོ་སྐྱ་སེར་སོགས་ཀྱི་དབྱེ་བ་མེད་པར་། དུས་ཡུན་དང་སློབ་ཚན་ཟུར་དུ་དྲ་རྒྱའི་ནང་གསལ་བ་བཞིན། དུས་ཐུང་ཤོས་བདུན་ཕྲག་གཉིས་ནས། རིང་མཐའ་ལོ་བཞིའི་རིང་བོད་ཀྱི་ནང་ཆོས་སམ།བོད་ཡིག་སློབ་སྦྱོང་ཆེད་འཛུལ་ཞུགས་གནང་མཁན་རིགས་ལ། སློབ་སྦྱོང་གི་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་པ་ཡིན་པས། ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱལ་བལ་འབྲུག་གསུམ་ནས་མི་རིགས་དང་། ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་འདི་ག་ཧུན་སུར་གཞིས་སྒར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སློབ་གྲྭའི་ཁྱབ་ཁོངས། གངས་ཅན་རིག་གནས་སློབ་གྲྭ། འདིར་འཛུལ་ཞུགས་གནང་འདོད་ཡོད་ན་ད་ལྟའི་ཆར་ས་དམིགས་སྟོང་པ་ཡོད་བཞིན་པ་ཡིན་པ་མ་ཟད་འཛུལ་ཞུགས་གནང་མཁན་སུ་བྱུང་ཡང་གཤམ་གསལ་དྲ་རྒྱ་དང་། ཞལ་པར་ཐོག་ནས་འབྲེལ་ལམ་ཡོད་པ་ཞུ་རྒྱུ། བཞུགས་གནས་སོགས་མཐུན་རྐྱེན་ཡང་མི་དམན་པར་ཡོད་ལགས་ན་འཛུལ་ཞུགས་གནང་འདོད་ཡོད་ པ་རྣམས་ནས་གཤམ་གསལ་འདི་གའི་དྲ་རྒྱ་དང་། ཞལ་པར་ཐོག་ནས་འབྲེལ་ལམ་ཡོད་པ་ཞུ་རྒྱུའི་གནས་ཚུལ་གསལ་བསྒྲགས་སུ། ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་ཡིག་ཚང་ནས།

Website: www.gyudmedschool.com 
Phone No. 08222-246038

Share this:
༡༠༤ ཀློག་གྲངས།