མོན་གྷོར་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་བགྲོ་གླེང།

དེ་ཡང་ཐོག་མར་སྐུ་མགྲོན་རྣམས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས་བགྲོ་གླེང་གཙོ་སྐྱོང་བ་འབའ་པ་འཆི་མེད་ལགས་ཀྱིས་བགྲོ་གླེང་དབུ་འཛུགས་གསུང་བཤད་གནང་སོང་། དེ་རྗེས་རྒན་བློ་བཟང་ལགས་ཀྱིས་༧གོང་ས་མཆོག་སྐུ་ཕྲེང་ན་རིམ་དང་བོད་མིའི་འབྲེལ་ཐག་ཞེས་པའི་བརྗོད་གཞིའི་ཐོག་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་དང་བོད་མི་ས་ཡ་དྲུག་དབར་འབྲེལ་བ་ཇི་ལྟར་བྱུང་བ། སྐུ་ཕྲེང་ན་རིམ་གྱི་མཛད་རྣམ་སོགས་ཀྱི་ཐོག་བགྲོ་གླེང་གཏམ་བཤད་གནང་རྗེས། འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་༧གོང་ས་མཆོག་དང་གོ་ལ་ཀུན་ཁྱབ་ཀྱི་སེམས་ཁུར་ཞེས་པའི་བརྗོད་གཞིའི་ཐོག་འཛམ་གླིང་ཐོག་༧གོང་ས་མཆོག་གི་མཛད་འཕྲིན་ཇི་ལྟར་རྒྱས་ལུགས་དང་། ལྷག་པར་དུ་ཆེས་བླ་ན་མེད་པའི་མཛད་ཁུར་གསུམ་དུས་རབས་ཉེར་གཅིག་པའི་ནང་གི་འཛམ་གླིང་སྐྱེ་བོ་ཡོངས་ལ་ལག་སྐྱེས་བསྲིངས་བ་སོགས་གང་ཉིད་ཀྱི་དགོངས་པ་གཙོ་བོ་ཁག་ལ་འགྲེལ་བརྗོད་ཞིབ་མོ་བྱས་སོང།

དེ་རྗེས་དགེ་བཤེས་ཐུབ་བསྟན་ལུང་རྟོགས་ལགས་ཀྱིས་༧གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་ཁག་ལ་དཔྱད་གླེང་སྤེལ་སོང་ལ། གྲྭ་མང་ནས་དུས་ཡུན་ཆུ་ཚོད་གཅིག་ལྷག་རིང་དྲི་བ་དྲིས་ལན་གྱི་ལམ་ནས་གོ་བསྡུར་ལྷུག་པོ་གནང་མཐར། བློ་གླིང་མཁན་རིན་པོ་ཆེ་མཆོག་གིས་བགྲོ་གླེང་དེ་ལྟར་གནང་བ་ཤིན་ཏུ་གལ་ཆེན་ཡིན་པ་དང་། ༧གོང་ས་མཆོག་གིས་རང་ཅག་ཁ་བ་གངས་ཅན་པ་རྣམས་ལ་བསྐྱངས་བའི་བཀའ་དྲིན་གྱི་ཆ་ཤས་ཙམ་མཚོན་ནུས་མིན་ཡང་བགྲོ་གླེང་བ་དང། དྲི་བ་གནང་མཁན་ཡོངས་ཀྱི་ངོས་ནས་གང་ཐུབ་ཅི་ནུས་ཀྱི་༧གོང་ས་མཆོག་གི་ཆོས་སྲིད་མཛད་འཕྲིན་ཐོག་གོ་བསྡུར་ལྷུག་པོ་གནང་བར་བསྔགས་བརྗོད་གནང་སོང་ལ། མཇུག་ཏུ་གོ་བོ་ཁམས་ཚན་གྱི་སྤྱི་རྒན་མཆོག་ནས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་རྗེས་བགྲོ་གླེང་མཇུག་བསྡུས་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།

Share this:
༦༠ ཀློག་གྲངས།