རྒྱ་ནག་དང་པཱ་ཀི་སི་ཐན་ཀྱི་ཟུང་འབྲེལ་འཐབ་བྱུས་ཟབ་ཏུ་ཕྱིན་པ།

དེའི་ནང་འཁོད་དོན། པཱ་ཀི་སི་ཐན་གྱི་དམག་འཐབ་སློབ་གྲྭ་ཆེན་མོའི་ཉེ་འགྲམ་གབ་གནས་ཤིག་ཏུ་ཨོ་སཱ་མ་བྷིན་ཨ་རིས་བསད་པའི་རྗེས། པཱ་ཀི་སི་ཐན་སྲིད་གཞུང་གིས་ཁོང་ཚོ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དེ་བེད་སྤྱོད་བཏང་སྟེ་པཱ་ཀི་སི་ཐན་ལ་ཧ་ཅང་གནོན་ཤུགས་སྤྲད་ན་མི་འགྲིག་ཅེས་ཨ་རི་སྲིད་གཞུང་ལ་ཉེན་བརྡ་ཞིག་བཏང་ཡོད་པ་རེད།

རྒྱ་ནག་ནས་ཀྱང་རང་ཉིད་པཱ་ཀི་སི་ཐན་གྱི་མཐུན་གྲོགས་ཡག་ཤོས་དེ་ཡིན་པ་མཚོན་འཐབ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་པཱ་ཀི་སི་ཐན་ནང་དུ་རང་གི་འཐབ་བྱུས་ཀྱི་རྨང་གཞི་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་མཐུན་འབྲེལ་ཐོག་རྡོ་སྣུམ་དབོར་འདྲེན་བྱེད་པའི་སྦུ་གུ་དང་མེ་འཁོར་ལྕགས་ལམ་གསར་འཛུགས་བྱས་པ་མ་ཟད། ཨ་རབ་མཚོ་ཁུལ་དུ་མཚོ་དམག་གི་གཞི་རྟེན་གསར་པ་ཞིག་ཀྱང་འཛུགས་སྐྲུན་བྱེད་རྩིས་ཡོད་པ་དེས། ཨ་རི་དང་རྒྱ་གར་གཉིས་ལ་སེམས་ཁྲལ་ཆེ་རུ་གཏོང་བཞིན་ཡོད་པ་རེད། རྒྱ་གར་ལ་མཚོན་ན་རྒྱ་ནག་དང་པཱ་ཀི་ཐན་གཉིས་ཟུང་འབྲེེལ་དེའི་མཇུག་འབྲས་དེ་ནི་དོན་རྐྱེན་ཆེན་པོ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་དང་པཱ་ཀི་སི་ཐན་གཉིས་གས་རྒྱ་གར་གྱི་ས་ཁུལ་ཕོན་ཆེ་བ་འགའ་རང་ལ་བདག་ཚུལ་བརྗོད་ཀྱི་ཡོད། པཱ་ཀི་སི་ཐན་གྱི་གིལ་གིཊ་དང་བྷལ་ཊིས་ཐན་ས་ཁུལ་དུ་རྒྱ་ནག་གི་བཅིངས་གྲོལ་དམག་མི་ ༡༡༠༠༠ ཡོང་སྟེ། མེ་འཁོར་ལྕགས་ལམ་གསར་འཛུགས་དང། མོ་ཊའི་གཞུང་ལམ་སླར་གསོ། ཆུ་རགས་དང་གསང་བའི་ཕུགས་ལམ་གསར་པའི་འཛུགས་སྐྲུན་བཅས་ཀྱི་ལས་འཆར་ཐོག་ལས་འགུལ་སྤེལ་རྒྱུ་ཡིན་པ་དེས་ས་ཁུལ་དེ་རྣམས་རྒྱ་ནག་གི་ཤུགས་རྐྱེན་འོག་ཡོང་སྲིད་པའི་སེམས་ཁྲལ་བྱེད་དགོས་པ་ཞིག་བཟོས་ཡོད། ས་ཁུལ་དེ་ནི་རྒྱ་ནག་དང། པཱ་ཀིས་ཐན། རྒྱ་གར་བཅས་ཀྱི་ས་མཚམས་རྣམས་ལ་འཕྲད་པའི་ཕྱོགས་ཤིག་ཡིན། ཁུལ་དེར་རྒྱ་ནག་གི་བཅིངས་གྲོལ་དམག་མི་འཛུལ་ཞུགས་བྱས་ཡོད་པ་དེ་ནི་ཀ་ཤི་མི་རིའི་ས་མཚམས་སུ་ཡོད་པའི་པཱ་ཀི་སི་ཐན་སྲུང་དམག་གི་ཉེ་འགྲམ་དུ་གནས་ཡོད། གལ་ཏེ་པཱ་ཀི་སི་ཐན་དང་རྒྱ་ནག་གང་རུང་གཅིག་དང་རྒྱ་གར་དམག་འཐབ་འབྱུང་བ་ཡིན་ན་རྒྱ་གར་ལ་ཕྱོགས་གཉིས་ནས་ཉེན་ཁ་ཡོང་རྒྱུ་ཡིན། པཱ་ཀི་སི་ཐན་དང་ཨོ་སཱ་མ་བྷིན་ལ་དྷན་དང་འབྲེལ་བ་ཡོད་པའི་གནས་ཚུལ་དེ་བྱུང་བའི་རྗེས། ཨ་རི་སྲིད་གཞུང་གིས་ད་དུང་ཡང་སྒྲིག་ལམ་མེད་པའི་པཱ་ཀི་སི་ཐན་དང་འབྲེལ་བ་སླར་གསོ་བྱེད་བཞིན་ཡོད།  པཱ་ཀི་སི་ཐན་དང་རྒྱ་ནག་གཉིས་ནས་ཕན་ཚུན་གཉིས་ཀྱི་ཆབ་སྲིད་ཀྱི་འཐབ་བྱུས་དེ་རྣམས་ནི་འབྲེལ་བ་དམ་ཟབ་ཡིན་པའི་ཁྱབ་བསྒྲགས་ཀྱང་སྤེལ་ཡོད་པ་ཡིན་ལ།  ཨོ་སཱ་མ་བྷིན་ལ་དྷན་བསད་ཚར་བའི་ཉིན་ཤས་རྗེས་སུ་པཱ་ཀི་སི་ཐན་གྱི་སྲིད་བློན་ཡོ་སབ་ར་ཛ་གིལ་ལ་ནི་རྒྱ་ནག་ཏུ་བསྐྱོད་པ་རེད། ཁོང་དང་ལྷན་དུ་ཡོད་པའི་བདེ་སྲུང་སློན་ཆེན་ཨེ་ཧ་མཱད་མུཀ་ཏར་གྱིས། པཱ་ཀི་སི་ཐན་གྱིས་རྒྱ་ནག་ལ་རེ་སྐུལ་ཇི་འདྲ་ཞིག་ཞུས་ཀྱང་དེ་རྣམས་ལ་རྒྱ་ནག་ནས་རྟག་ཏུ་དགའ་མོས་ཐོག་རོགས་པ་བྱས་ཡོད་ཅེས་དང། ཨ་རབ་མཚོ་ཁུལ་དུ་ཡོད་པའི་ག་ཝ་དྷར་གྲུ་གཟིངས་ཀྱི་འབབ་ཚུགས་དེ་ད་ལྟ་སིང་ག་པུར་གཞུང་གི་ཚོགས་སྡེ་ཞིག་གི་གན་རྒྱའི་འོག་ཡོད་པ་དང་ནམ་ཞིག་དུས་ཡུན་དེ་རྫོགས་པའི་རྗེས་རྒྱ་ནག་ནས་ལེན་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། པཱ་ཀི་སི་ཐན་ལ་རྒྱ་ནག་ནས་དམག་གི་གནམ་གྲུ་ཇེ་ཝེཕ་ ༥༠ སྤྲོད་རྒྱུ་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།

གལ་ཆེ་བ་ཞིག་ནི། རྒྱ་ནག་ནས་མ་དངུལ་འགྲོ་གྲོན་བཏང་སྟེ་ག་ཝ་དྷཱར་མཚོ་དམག་གི་གྲུ་གཟིངས་འབབ་ཚུགས་དེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་བདེ་སྲུང་བློན་ཆེན་གྱིས་གསལ་བཤད་བྱས་པ་དེ་ཡིན། ཁོང་ནས་ད་དུང་རྒྱ་ནག་གིས་མཚོ་དམག་གྲུ་གཟིངས་འབབ་ཚུགས་དེ་འཛུགས་སྐྲུན་བྱས་པ་ཡིན་ན་དེ་ལ་ཐུགས་རྗེ་ལེགས་འབུལ་ཡོད་ཅེས་བརྗོད་ཡོད་པ་རེད། ད་དུང་ཡང་ཁོས་ང་ཚོས་རྒྱ་ནག་སྤུན་གྲོགས་ཚོ་ལ་ག་ཝ་དྷཱར་མཚོ་དམག་གྲུ་གཟིངས་འབབ་ཚུགས་དེ་འཛུགས་སྐྲུན་བྱེད་རོགས་ཞེས་རེ་སྐུལ་ཞུས་ཡོད་ཅེས་དབྱིན་ཇི་གསར་ཁང་ཞིག་ལ་བརྗོད་ཡོད། བདེ་སྲུང་བློན་ཆེན་གྱིས་འགྲེལ་བརྗོད་དེས་རྒྱ་ནག་ལ་མ་བདེ་བ་ཞིག་བཟོས་ཡོད། རྒྱ་ནག་ནས་དེའི་ཐོག་ཁྱབ་བསྒྲགས་བྱེད་འདོད་མེད་པ་ཡིན། རྒྱ་ནག་ནི་རྒྱུན་དུ་རང་གི་འཐབ་བྱུས་རྣམས་གཞན་གྱིས་མི་ཤེས་པའི་འོག་ལག་བསྟར་བྱེད་ཀྱི་ཡོད་ལ། ག་ཝ་དྷཱར་གྲུ་གཟིངས་འབབ་ཚུགས་ཀྱི་ལས་གཞི་དེའང་ཁུ་སིམ་པོའི་ངང་ལས་འགོ་བཙུགས་ཟིན་ཡོད། དེར་བརྟེན་མཚོ་དམག་གྲུ་གཟིངས་འབབ་ཚུགས་ཤིག་གི་ལས་འཆར་དེ་ནི་ཇི་ལྟར་ཁྱབ་བསྒྲགས་བྱེད་སྲིད་དམ།

པཱ་ཀི་སི་ཐན་གྱིས་ག་ཝ་དྷཱར་མཚོ་དམག་གྲུ་གཟིངས་འབབ་ཚུགས་སྐོར་ཕྱིར་བསྒྲགས་བྱས་རྗེས། རྒྱ་ནག་ནས་དེའི་ལན་དུ་གནད་དོན་དེའི་ཐོག་ད་ལྟ་ཐག་གཅོད་གང་ཡང་བྱུང་མེད་ཅེས་འཁྱོག་བཤད་བྱས་ཡོད། ཡིན་ནའང། རྒྱ་ནག་དམར་ཤོག་ཚོགས་པའི་གོ་ལའི་དུས་བབས་གསར་ཤོག་གིས་འཛེམས་མེད་ཐོག་ཕྱི་གླིང་རྒྱ་མཚོ་ཁག་ཏུ་གཞི་རྟེན་བཙུགས་རྒྱུ་དེ་ནི་རྒྱ་ནག་གི་དུས་ལ་དཔག་པའི་དགོས་འཁོ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད། གསར་ཤོག་དེའི་ནང་དུ་རྩོམ་སྒྲིག་བྱས་པའི་འགོ་བརྗོད་དུ། རྒྱ་ནག་ནས་འཛམ་གླིང་གི་འགན་འཁྲི་འཁྱེར་བའི་ཆེད་དུ་ཕྱི་གླིང་ཁག་ཏུ་གཞི་རྟེན་བཙུགས་དགོས་པ་དང། ཕྱི་ཕྱོགས་ལུང་པ་ཁག་གིས་རྒྱ་ནག་ནས་ཕྱི་གླིང་ཁག་ཏུ་མཚོ་དམག་གི་འབབ་ཚུགས་བཙུགས་དགོས་དོན་དེ་ཤེས་པའི་འབོད་སྐུལ་ཡང་ཞུས་ཡོད།

ག་ཝ་དྷཱར་གྲུ་གཟིངས་འབབ་ཚུགས་དེ་ནི་ ༢༠༠༧ ལ་སྒོ་ཕྱེ་བ་ཞིག་ཡིན་པ་དང། ས་ཕྱོགས་དེ་ནས་དཀྱིལ་ཤར་ཡུལ་གྲུའི་མཚོ་ཁུག་གི་གྲུ་ལམ་ཁག་མཐོང་ཞིང། ཨི་རན་ལུང་པའི་ས་མཚམས་ཀྱི་ཉེ་འཁྲིས་སུ་ཡོད། ཐོག་མ་ཉིད་ནས་ས་ཕྱོགས་དེ་ནི་རྒྱ་ནག་གིས་ཨ་རཱབ་ལུང་པའི་ནང་དུ་རྐང་པ་བཙུགས་པ་དང་པོ་དེ་ཡིན་པར་དམིགས་འདོན་བྱས་པ་དང། རྗེས་སུ་རྒྱ་ནག་གི་མཚོ་དམག་འབབ་ཚུགས་ཀྱང་ཡིན་པར་ངོས་འཛིན་བྱས་ཡོད། ལས་དོན་དེ་ནི་རྒྱ་ནག་གིས་རྒྱ་གར་ལ་དམིགས་པའི་མུ་ཏིག་ཕྲེང་བའི་སྲིད་བྱུས་ཀྱི་ཆ་ཤས་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཉེ་ཆར་བདེ་སྲུང་བློན་ཆེན་ནས་འཆར་གཞི་དེ་རྣམས་གསལ་སྟོན་མ་བྱས་པའི་བར། པཱ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀྱིས་ག་ཝ་དྷཱར་གྲུ་གཟིངས་འབབ་ཚུགས་དེ་ནི་ཚོང་གི་ལས་དོན་ལས་གཞན་པའི་བྱེད་སྒོ་གང་ཡང་མེད་ཅེས་མུ་མཐུད་ནས་བརྗོད་ཀྱི་ཡོད་པ་རེད།

དེ་ལྟ་ན་པཱ་ཀི་སི་ཐན་གྱིས་རྒྱ་ནག་མཚོ་དམག་ལ་ཕན་འདོགས་པར་བྱས་པ་དེ་ནི་རྒྱ་གར་གྱི་མཚོ་དམག་སྟོབས་ཤུགས་དང་ནུས་པ་ཆ་སྙོམས་བཟོ་བཞིན་ཡོད། རྒྱ་ནག་ལ་མཚོན་ན་རྒྱ་གར་མཚོ་ཁུལ་ནང་དུ་རང་གི་མཚོ་དམག་གཞི་རྟེན་བྱེད་ཐུབ་པ་དེ་ནི་ས་བབ་སྲིད་བྱུས་ཀྱི་དམིགས་ཡུལ་ཆེ་བ་རྣམས་འགྲུབ་ཐུབ་པ་དང། འཛམ་གླིང་གོ་ལའི་མཚོ་དམག་འཐབ་བྱུས་ཆེན་པོའི་ནང་དུ་མཉམ་ཞུགས་བྱེད་ཐུབ་པ་དེ་རེད། དེར་བརྟེན་ག་ཝ་དྷཱར་མཚོ་དམག་གྲུ་གཟིངས་འབབ་ཚུགས་དེས་རང་གི་སྟོབས་ཤུགས་ཞན་པའི་སྐྱོན་ཆེན་པོ་དེ་རྣམས་བསལ་ནས་དམིགས་ཡུལ་རྣམས་འགྲུབ་པར་བྱེད་ཀྱི་ཡོད། རྒྱ་ནག་ལ་དམིགས་ཡུལ་གཞན་ཞིག་ཡོད་པ་ནི་ག་ཝ་དྷཱར་གྲུ་གཟིངས་འབབ་ཚུགས་དེ་ནས་དཀྱིལ་ཤར་མཚོ་ཁུག་དང་ཨ་ཧྤི་རི་ཀ་ནས་ཉོས་པའི་རྡོ་སྣུམ་རྣམས་སྦུབ་ལམ་བརྒྱུད་པཱ་ཀི་སི་ཐན་གྱི་ཀ་ཤི་མི་རི་དང་ཤིན་ཅང་ལུང་པའི་ཕྱོགས་ནས་རྒྱ་ནག་དུ་དབོར་འདྲེན་བྱེད་པ་དེ་ཡིན། རྡོ་སྣུམ་ཀྱི་སྦུབ་ལམ་དེ་དག་གིས་མཚོ་ལམ་གྱི་འགྲོ་གྲོན་གྱི་གླ་དང་དབོར་འདྲེན་གྱི་དུས་ཡུན་རྣམས་ཉུང་དུ་བཏང་བ་མ་ཟད། ཨ་རིས་ཉེན་རྟོག་བྱེད་བཞིན་པའི་ལྷོ་ཤར་ཨེ་ཤི་ཡའི་མ་ལཀ་ཀ་དང་ཐེའི་ཝན་གཉིས་ཀྱི་མཚོའི་ལམ་ཁུག་ལ་རེ་བཅོལ་བྱེད་མི་དགོས་པ་ཆགས་ཀྱི་ཡོད།

རྒྱ་ནག་གིས་པཱ་ཀི་སི་ཐན་ནང་དུ་འཐབ་བྱུས་ཀྱི་ལས་གཞི་ཁག་ནང་མཉམ་ཞུགས་བྱེད་སྒོ་བཙུགས་པ་དང་ཀ་ཤི་མི་རིའི་གནད་དོན་ཐད་རྒྱ་གར་གཞུང་ལ་ངོ་ལྐོག་མེད་པར་གནོན་ཤུགས་སྤྲོད་འགོ་བརྩམས་ཡོད། ཀ་ཤི་མི་རིའི་ས་ཁུལ་གི་༡/༥ ཙམ་ནི་རྒྱ་ནག་གི་མངའ་འོག་ཏུ་ཡོད་ལ། འདས་པའི་ལོ་ཤས་ནང་རྒྱ་ནག་གིས་ཕྱི་སྐྱོད་ལག་ཁྱེར་ལ་འཛིན་པའི་སྲིད་བྱུས་དང་དེ་བཞིན་ལེགས་བཅོས་ཡོད་པའི་འཐབ་ལམ་སྣ་ཚོགས་ཀྱི་ཐོག་ནས་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མི་རི་ཐོག་རྒྱ་གར་གྱི་དབང་ཚད་ཡོད་མིན་ཐད་གྲོས་འགོ་འདོན་གྱི་ཡོད། ད་ལྟ་བར་དུ་རྒྱ་གར་དང་གཤིབ་པའི་ས་མཚམས་ནས་ཀི་ལོ་མི་ཊར་ ༡༥༩༧ ཉུང་དུ་བཏང་སྟེ་རྒྱ་ནག་མངའ་འོག་ཏུ་ཡོད་པའི་ཀ་ཤི་མི་རི་དང་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མི་རི་གཉིས་ལོགས་སུ་ཕྱེ་ཡོད། རྒྱ་ནག་ནས་པཱ་ཀི་སི་ཐན་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མི་རིའི་ནང་དུ་བཅིངས་གྲོལ་དམག་མི་གོ་སྒྲིག་བྱས་པ་དེ་ནི་རྒྱ་གར་གྱི་ཁ་གཏད་དུ་ཀ་ཤི་མི་རིའི་གནད་དོན་དེ་བེད་སྤྱོད་གཏོང་གི་ཡོད། རྒྱ་ནག་ནས་མངོན་གསལ་དོད་པོས་ཀ་ཤི་མི་རིའི་གནད་དོན་དེ་ནི་རྒྱ་ནག་དང་པྰ་ཀི་སི་ཐན་གཉིས་ཀྱིས་མཐུན་འབྲེལ་ཐོག་རྒྱ་གར་ལ་སྡིགས་ར་སྐུལ་བའི་ས་ཕྱོགས་ཡིན་པར་བརྡ་ལན་སྤྲོད་ཀྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕར་ཕྱོགས་ངོས་སུ་རྒྱ་གར་གི་ཨ་རུ་ན་ཅལ་མངའ་སྡེའི་ཁ་གཏད་དུ་རྒྱ་ནག་ནས་དམག་གི་ཤུགས་རྐྱེན་སྤྲོད་བཞིན་པ་དེ་ནི་ཁ་ཕྱོགས་སྒྱུར་བའི་བྱུས་སུ་མངོན། དྲང་པོར་བྱས་ན། གང་འཚམས་ཀྱིས་པཱ་ཀི་སི་ཐན་འཇིགས་སྐུལ་རིང་ལུགས་པའི་མུན་དོང་ནང་དུ་ལྷུང་བ་བྱས་པ་དེ་འཚམས་སུ་རྒྱ་ནག་གིས་ཡུལ་དེར་རང་གི་འཐབ་བྱུས་ཀྱི་ལས་དོན་རྣམས་རྒྱ་ཆེ་རུ་བཏང་ཡོད། དེས་ན་ ༢༠༡༡ དེ་ནི་རྒྱ་ནག་དང་པཱ་ཀི་སི་ཐན་གཉིས་ཀྱི་མཛའ་མཐུན་གྱི་ལོ་དེ་ཡིན་ཞེས་གསལ་བསྒྲགས་ཀྱང་བྱས་ཡོད། །

{jcomments on}

Share this:
༣༡ ཀློག་གྲངས།