དཀར་མཛེས་རྫོང་ཐོག་དུ་བོད་ལ་རང་དབང་དགོས་པའི་སྐད་འབོད།

དེ་ཡང་སེར་བྱེས་ཧྲེ་ཧོར་གྲྭ་ཕུན་ཚོགས་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། ཟླ་འདིའི་ཚེས་༡༥ སྟེ་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ཁམས་ཏྲེ་ཧོར་དཀར་མཛེས་དར་རྒྱས་དགོན་པའི་རང་ལོ་༣༧ ཡིན་པའི་དགེ་སློང་ངག་དབང་བློ་བཟང་གིས་དཀར་མཛེས་རྫོང་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་ཁོད་པའི་ཡི་གེ་མང་པོ་གང་སར་གཏོར་བ་དང་། མི་མང་འདུ་འཛོམས་ཀྱི་དབུས་སུ་པུས་མོ་ས་ལ་བཙུགས། ལག་གཉིས་ཐལ་མོ་སྦྱར་ཏེ་འབོད་ཚིག་དེ་བཞིན་སྐད་གསང་མཐོན་པོས་སྒྲོག་སྐབས་རྒྱ་མི་སྐོར་སྲུང་བ་སླེབས་ནས་རྡུང་རྡེག་ཚབས་ཆེན་གཏོང་ཞོར་ཁྲིད་ཡོད་འདུག་པ་དང་། ད་ལྟ་གནས་ཚུལ་གང་བྱུང་གསལ་ཁ་མེད་པ་རེད།

དེ་བཞིན་གནས་ཚུལ་རྒྱུས་ལོན་བྱུང་ལ་ལྟར་ན། དགེ་སློང་ངག་དབང་བློ་བཟང་ལགས་ཀྱིས་ས་ག་ཟླ་བའི་ཚེས་༡༤ ཉིན་རྒྱ་སྒོར་ ༨༠༠ ཙམ་གྱི་རིན་འབབ་ལྡན་པའི་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ཆེན་པོ་ཞིག་དགོན་པའི་རང་ཤག་ཏུ་བཤམས་ཡོད་པ་དང་། དགེ་འདུན་པའི་ཞོགས་ཚོགས་སྐབས་སུ་སྐུ་འགྱེད་འབུལ་བ་དང་། ཚོགས་འདབས་ནས་གསོལ་འདེབས་སྨོན་ལམ་ཤུགས་དྲག་བྱས་པ་སོགས་ཆོས་གྲོགས་རྣམས་ཀྱི་མཐོང་ཡོད་འདུག གྲྭ་པ་ཞིག་ལ་ཁོང་གིས་དེ་ལྟར་བྱེད་པ་ནི་ངའི་བྱ་བ་ལམ་འགྲོ་ཡོང་བའི་ཆེད་དུ་ཡིན་ཞེས་བཤད་ཡོད་འདུག །
མེ་སོར་གསར་འགོད་པས།

Share this:
༡༢༩ ཀློག་གྲངས།