གདུག་པར་སྟོན་པའི་སེང་གེའི་ང་རོ།

མཁས་མང་བཅུ་ཕྲུག་དུ་མར་གཞུང་ལུགས་ཐོས།།

རིག་པའི་མྱུར་རྩལ་ཐོགས་ལྟར་རབ་རྣོ་བའི།།

ཆོས་གྲོགས་དབྱིག་གཉེན་ལྟ་བུའི་ལྷན་ཅིག་ཏུ།།

གཞུང་ཆེན་བཀའ་པོད་ལྔ་ཡི་གནད་ལ་དཔྱད།།

རིག་པ་སྨྲ་བ་ཁོ་བོར་རྒོལ་བ་ནི།།

མིག་ལྡན་གཡང་མཆོང་མིན་ན་ཅི་ཞིག་ཡིན།།

ཨ་ཙི་དྲ་གྲོགས་ཐམས་ཅད་བཤད་པ་མིན།།

བདག་ལ་ཀླན་ཀ་འཚོལ་མཁན་དེ་ལ་འོ།།

ཤེས་ལྡན་གཞོན་ནུའི་མེ་ཏོག་འཚར་བའི་སྐབས།།

གནག་སེམས་མུ་ཅོར་སད་ཀྱིས་གཙེས་པ་དེ།།

གཙུག་ལག་པད་མའི་ལྡུམ་ར་མཛེས་དཔལ་ལ།།

བཀྲ་ཤིས་མདུན་དུ་ནག་ན་མ་ལས་ཅི།།

ཁ་ཏྭ་ནག་པོ་ཁ་ནས་ཐན་སྐད་ལས།།

ལེགས་བཤད་གཏམ་བཟང་ཐོན་པ་ག་ལ་སྲིད།།

མཁྲིས་ནད་ཅན་གྱི་ཁ་ནས་ཁ་ཏིག་ལས།།

དགོས་འདོད་ནོར་བུ་སྐྱུག་རབས་ཡོད་དམ་ཅི།།

མི་ངན་ཁ་ནས་གཏམ་ངན་སྤྲོས་པ་ལས།།

སྙན་འཇེབ་ངག་གི་སྒྱུ་རྩལ་འབྱུང་བ་མེད།།

ང་དང་འདྲ་ན་སྡེབ་སྦྱོར་འཕྲུལ་རྩེ་ནས།།

ཀུན་ཕན་ལེགས་བཤད་རྩོམས་ཤིག་ཨེ་གོ་ཐལ།།

ཞེས་པའི་ཚིགས་སུ་བཅད་པ་འདི་ཡང་བྱང་ཕྱོགས་ཧེ་མ་ཅལ་གྱི་རྒྱལ་ས་ཆེན་མོ་སིམ་ལ་ཞི་བདེའི་གྲོང་ཁྱེར་གྱི་ཤར་ངོས་ནས་སྙན་དངགས་མཁན་དབྱངས་ཅན་ཆོས་སྤྲིན་རྒྱ་མཚོ་པས་ལོ་སྔར་དྲ་ཐོགས་ཀླན་ཀ་འཚོལ་མཁན་ཞིག་བྱུང་བས་དེའི་བཀའ་དྲིན་གྱི་རྩོམ་འདི་བྲིས་པ་བསྐྱར་བཅོས་དང་བཅས་སླར་དྲ་གྲོགས་ཚོར་འབུལ་འདོད་བྱུང་ངོ།།

Share this:
༢༩ ཀློག་གྲངས།