སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང།

བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ། གདན་ས་ཆེན་པོ་འབྲས་སྤུངས་ཁྲི་རིན་པོ་ཆེ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་གཙོས་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། ས་གནས་གཞིས་འགོ་དང་ས་འཐུས་ཚོགས་གཞོན་སོགས་མོན་གྷོ་ས་གནས་ཀྱི་ལས་སྣེ་བ། སློབ་གྲྭ་ཁག་གི་སློབ་སྤྱི་དགེ་ལས་སོགས་སེར་མི་མང་མཉམ་ཞུགས་གནང་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་མཆོག་ནས༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྣང་གསལ་མར་མེ་སྒྲོན་འབུལ་སོགས་ཀྱི་ལས་རིམ་གྲུབ་རྗེས། བློ་གླིང་སློབ་སྤྱི་མཆོག་ནས་མཛད་སྒོ་ངོ་སྤྲོད་དང་འབྲེལ་གཏམ་བཤད་གྲུབ་མཚམས་སུ་བགྲོ་གླེང་བ་སློབ་ཕྲུག་རྣམས་ཀྱིས་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་གནང་རྗེས་སྐུ་མགྲོན་གཙོ་བོ་རྣམ་པས་བགྲོ་གླེང་བ་རྣམས་ལ་ཕྱག་ཁྱེར་དང་བྱ་དགའ་གསོལ་རས་བསྩལ་སོང་།

གཞན་ཡང་བགྲོ་གླེང་འདིའི་བརྒྱུད་རིམ་སྐོར་ལ་བློ་གླིང་ཕྱག་མཛོད་དགེ་བཤེས་མཁྱེན་རབ་ཆོས་རྗེ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། བློ་གླིང་གྲྭ་ཚང་ངོས་ནས་ལོ་འཆར་ཅན་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ལོ་སྔོན་མ་རྣམས་སུ་ཡིན་ན་༧གོང་ས་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་རྣམ་གྱིས་མཚོན་ལུགས་གཉིས་བླང་དོར་གྱི་ཐོག་དུས་ཚོད་སྐབས་བབ་ཀྱི་བགྲོ་གླེང་གོ་བསྡུར་དང་ཞབས་རིམ་གསོག་སྒྲུབ་སོགས་གནང་བཞིན་ཡོད་པ་རེད་ཅེས་གསུངས་སོང། མཇུག་ཏུ་བློ་གླིང་ཕྱག་མཛོད་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས་ཉིན་དེའི་བགྲོ་གླེང་ལེགས་གྲུབ་བྱུང་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།

མོན་གྷོ་གསར་འགོད་པས།

Share this:
༧༥ ཀློག་གྲངས།