མོན་གྷོ་རུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

mundgod 2011  7  6 1མཛད་སྒོའི་ཐོག་སྐུ་མགྲོན་གཙོ་ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གཙོས་གདན་ས་དགའ་འབྲས་གཉིས་ཀྱི་མཁན་ལས་ཐོག་དགེ་བསྐོས་ཕྱག་མཛོད་རྣམ་པས་གཙོས། བཀའ་རབ་འབྱམས་བླ་སྤྲུལ་དགེ་བའི་བཤེས་གཉེན་ཡོངས་དང་། མོན་གྷོ་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་གཙོས་ས་གནས་ཀྱི་ལས་བྱེད་རྣམ་པ་དང། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ་བཅས་མོན་གྷོ་ས་གནས་ཀྱི་སེར་སྐྱ་མི་མང་བཞི་སྟོང་མ་ཟིན་ཙམ་འདུ་འཛོམས་བྱུང་ཡོད་པ་རེད།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་རྣམ་པས་དུས་འཁོར་ལྷ་ཁང་ནས་༧གོང་ས་མཆོག་གི་སྐུ་པར་གདན་ཞུ་དང་སྣང་གསལ་མར་མེ་ཞལ་འབྱེད་དང་མཇལ་དར་སྒྲོན་འབུལ་སོགས་གནང་རྗེས། ཚང་མ་སྐུ་བཞེངས་ཀྱིས་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླངས། མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་དང་། ས་འཐུས་ཚོགས་གཞོན་བསོད་ནམས་རྡོ་རྗེ་གཉིས་ནས་༧སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཕུལ་བའི་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང། མོན་གྷོ་ས་གནས་གཞིས་བྱེས་ལྷ་མོ་ཚོགས་པ་དང་། མོན་གྷོ་གཏན་ཉིན་སློབ་གྲྭས་གཙོས་ས་གནས་སློབ་གྲྭ་ཁག་དང་མངའ་རིས་ཚོགས་པ་སོགས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུས་ནས་མཛད་སྒོ་གྲོལ་ཡོད་པ་རེད།

mundgod 2011  7  6གཞན་ཡང་ཉིན་འདིའི་ཉིན་རྒྱབ་ཆུ་ཚོད་༡༢ ནས་༣ པ་བར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གོ་སྒྲིག་འོག་སྐྱབས་རྗེ་མཁན་ལས་ཟུར་རྣམ་པས་དབུས། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། དེ་བཞིན་གྲྭ་ཚང་འདི་ཉིད་ཀྱི་དགེ་འདུན་འདུས་མང་ཡོངས་ལྷན་འཛོམས་ཐོག་༧གོང་ས་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་རྣམ་སྐོར་ལ་བགྲོ་གླེང་གནང་ནས་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། དེ་རིང་༧གོང་ས་མཆོག་གི་འཁྲུངས་ཚེས་དང་སྟབས་བསྟུན་ནས་བོད་ཀྱི་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་ཆེད་གང་ཉིད་ཀྱི་ཆོས་སྲིད་མཛད་འཕྲིན་སྐོར་ངོ་སྤྲོད་བགྲོ་གླེང་དང་།  དྲི་བ་དྲིས་ལན། དེ་བཞིན་རྩོམ་ཡིག་འགྲན་བསྡུར་སོགས་སྒོ་མང་གྲྭ་ཚང་གིས་ངོས་བྱས་དང་བྱེད་བཞིན་ཡོད་པ་དེ་དག་ལེགས་པར་གྲུབ་ཟིན་པས། དེ་རིང་འཁྲུངས་སྐར་དངོས་གཞིའི་ཉིན་སྒོ་མང་མཁན་རིན་པོ་ཆེ་དང་ཁྲིམས་བདག་དགེ་སྐོས་སོགས་ཀྱིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བཀའ་སློབ་གསུང་བཤད་གནང་རྗེས་འགྲན་རྩོམ་རྩེ་ཕུད་གསུམ་ལ་བྱ་དགའ་གསོལ་བསྩལ་ཡང་གནང་སོང་།

དེ་བཞིན་ཉིན་དེའི་ཉིན་རྒྱབ་ཆུ་ཚོད་༢ ཕྱེད་ནས་༤ པ་བར་དགའ་ལྡན་ཤར་རྩེ་སློབ་གྲྭའི་གོ་སྒྲིག་འོག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་མཆོག་དང་ཤར་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཀུན་མཁྱེན་གཙོས་དགའ་ཤར་གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས་དང་ལས་སྣེ་བ་རྣམ་པ། དེ་བཞིན་དགའ་ཤར་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཐོག་མར་འཕགས་བོད་རྒྱལ་གླུ་བླངས་རྗེས་སྐུའི་འཁྲུངས་སྐར་མཛད་སྒོ་དང་སྦྲགས་ཞབས་བརྟན་གསོལ་འདེབས་གསོག་སྒྲུབ་སོགས་ཀྱི་ལས་རིམ་གྲུབ་རྗེས། སྐུ་མགྲོན་རྣམ་པས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་དགུང་ལོ་༡༦ ནས་ད་ལྟའི་བར་ཆོས་སྲིད་གཉིས་ཐོག་ནས་བོད་མི་ས་ཡ་དྲུག་ལ་བཀའ་དྲིན་ཇི་ལྟར་བསྐྱངས་པའི་སྐོར་དང་། ལྷག་པར་འབྱུང་འགྱུར་༧གོང་ས་མཆོག་གི་དགོངས་བཞེད་ཇི་བཞིན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་གང་ཐུབ་ཅི་ནུས་ཀྱི་སྒྲུབ་དགོས་སྐོར་སོགས་གསུངས་སོང་།།
མོན་གྷོ་གསར་འགོད་པས།

Share this:
༧༤ ཀློག་གྲངས།