སྲིད་འཛིན་དང་སྲིད་བློན་ཟེར་བ་འཐད་ཆེ་བར་སེམས།

དེ་ནི་བཀས་བཀོད་རྒྱུན་འཛིན་རིང་ལུགས་ཀྱི་བཀའ་མི་དམངས་ལ་སྒྱུར་མཁན་བཀའ་ཁྲིའི་ལས་ཁུངས་ཏེ། གཞུང་གི་མགོ་ཁྲིད་མཐོ་ཤོས་རྒྱལ་བ་རིན་པོ་ཆེས་བཀའ་གནང་རྒྱུ་ཡོད་ན་ཁ་ཐུག་གནང་སྲོལ་མེད་པ་གཟིམ་ཆུང་འགག་ཏུ་མགྲོན་གཉེར་ཆེན་མོ་སོགས་མཐོ་རིམ་བླ་དཔོན་ཞིག་གིས་རྒྱལ་བ་རིན་པོ་ཆེའི་བཀའ་སྒྱུར་དགོས་པས་དེའི་ལས་ཁུངས་ལ་བཀའ་ཤག་ཅེས་ཟེར། དེང་སང་ང་ཚོའི་བཙན་བྱོལ་བོད་གཞུང་དམངས་གཙོ་ཡིན་ན་བཀའ་ཤག་ཟེར་བའི་ཐ་སྙད་དེ་གཞུང་འཛིན་སྐྱོང་མཐོ་ཤོས་ལ་བཏགས་པ་དེ་མི་འཚམས་ཏེ། གོང་གི་ལས་དོན་དེ་སྒྲུབ་རྒྱུ་མེད་པའི་ཕྱིར། དེ་ན་དེང་སང་བཀའ་བློན་ཁྲི་པ་ཟེར་ནས་ཆེས་གལ་ཆེ་གོ་ས་མཐོ་ཤོས་སུ་བརྩིས་ཏེ་བདམ་སྒྲུབ་གཟབ་ནན་བྱས་པ་དེས་ལས་དོན་སྤྱི་ཚོགས་རྙིང་པའི་དུས་ཀྱི་དེ་མིན་པར་དེང་རབས་དམངས་གཙོའི་ལས་དོན་ཡིན་པས་མིང་དོན་འགལ། འོ་ན་ཐ་སྙད་གང་བཏགས་དགོས་ཟེར་ན། སྲིད་འཛིན་དང་སྲིད་བློན་ཟེར་བ་འཐད་ཆེ་བར་སེམས།

ཡང་ཕྱི་ལོ་ཞེས་ཐ་སྙད་གསར་བཟོ་དེ་ཡང་འོས་འཚམས་སུ་མ་མཐོང་སྟེ། ཕྱི་པ་དང་ནང་པ། ཕྱི་རྒྱལ་དང། རང་རྒྱལ་ཁྱད་མེད་དེང་སང་རྒྱ་དཀར་ནག ཁ་ཆེ། ཡུ་རོབ། ལྷོ་བྱང་ཨ་རི་རྣམས་ལ་བེད་སྤྱོད་བྱེད་པས་སྤྱི་ལོ་ཟེར་བ་སྟེ། སྤྱི་པའི་ལོ་ཞིག་ལ་བརྩིས་ན་དེ་ལྟར་བརྗོད། ལོ་མགོ་ཡེ་ཤུ་མ་ཤི་ཀ་འཁྲུངས་པའི་ལོ་ནས་མགོ་ཚུགས་པ་ཡིན། ཡང་ལོ་ཐོར་བོད་ཟླ་དང་པོ་སོགས་བརྗོད་པ་ཡང་དོན་ལ་མི་གནས་ཏེ། ཧོར་ཇིང་གིར་རྒྱལ་པོས་རྒྱལ་ས་བཟུང་བའི་ལོ་ཟླ་ལ་ལོ་གསར་བརྩིས་ཏེ་ཧོར་ཟླ་དང་པོ་སོགས་བརྗོད་པ་ཡིན། བོད་ཟླ་ནི་དུས་འཁོར་རྒྱུད་བོད་དུ་ཕེབས་པ་ནས་བཟུང་སྟེ་མིང་བཏགས་པ་སྟེ་ཟླ་བ་གསུམ་པ་ལ་ནག་པ་ཟླ་བ་ཞེས་པ་ནས་ཟླ་བ་བཅུ་གཉིས་པར་ཐ་སྐར་ཟླ་བ་ཞེས་རྒྱུ་སྐར་གྱི་མིང་བཏགས་ཡོད། སྔོན་བོད་དུ་སྨན་རྩིས་ཁང་གི་ལོ་ཐོར་ཡང་ཧོར་ཟླ་དང་པོ་སོགས་བྲིས་ཡོད་པ་ཤེས་གསལ་རེད།

ཡང་ས་ཆའི་མིང་ལ་ཀ་ལོན་སྦུག་ཟེར་བ་སོགས་ནི་མ་དག་སྟེ། སྔོན་ཨིན་ཇིས་རྒྱ་གར་ལོ་ཉིས་བརྒྱ་ཙམ་དབང་བསྒྱུར་སྐབས་སྒྲ་ཟུར་ཆག་པ་དེ་ཕྱིས་རྒྱ་གར་རང་བཙན་བྱུང་ནས་ཀྱང་རྒྱ་གར་བས་ཨིན་ཇིས་བརྗོད་པ་དེ་རང་ངག་ལ་འཇགས། དོན་ངོ་མར་གནའ་སྔ་མོར་ས་མཚམས་ཀྱི་ས་ཆ་ཁ་ཤས་བོད་ཀྱི་བདག་ཁོངས་ཡིན་པས་བོད་མིང་བཏགས་བཞག་པ་ཞིག་སྟེ། དེ་ཡང་ཀ་ལི་སྤུངས་ཞེས་ཀ་པ་ལི་སྤུངས་པ་འདྲ་བའི་རི་ཞེས་གུ་རུའི་གནས་རྩ་ཆེན་ཞིག་རེད། གཞན་ཡང་འབྲས་ལྗོངས། བཀྲ་ཤིས་བྲག རྡོ་རྗེ་གླིང། བསོད་ནམས་དར་སོགས་བོད་སྐད་གཙང་མའི་མིང་ཡོད་ཀྱང་། ཕྱིས་རྒྱ་གར་གྱི་འོག་ཏུ་ཚུད་ནས་རྒྱ་གར་བས་བོད་སྐད་ཟུར་ཆག་གིས་འབོད་པ་དང་། རྒྱ་གར་ཨིན་ཇིའི་འོག་ཏུ་ཚུད་ནས་ཨིན་ཇིས་ཀྱང་དེ་བཞིན་འབོད་ཅིང་། ཡི་གེར་ཡང་། Tista, Darjeeling, Sanada, Kalimpong ཞེས་བྲིས་པ་དུས་དེང་སང་ཡང་རྒྱ་གར་བས་དེ་བཞིན་འབྲི་བརྗོད་བྱེད་པ་ཞིག་རེད། དེས་ན་རྒྱུ་མཚན་ལོ་རྒྱུས་ཡོད་པའི་མིང་འདི་དག་རང་རེས་མི་ཉམས་རྒྱུན་འཛིན་བྱེད་གལ་ཆེ་ཞེས་ལྷག་བསམ་རྣམ་དག་གིས་ཞུས་པ་ལགས་ན་ཀུན་གྱིས་ཐུགས་ལ་ངེས་པར་གནང་རོགས།། བཀྲ་ཤིས་བདེ་ལེགས།

{jcomments on}

Share this:
༢༥ ཀློག་གྲངས།