ཆུ་སྒང་༥༠ དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཆེའི་གསལ་བསྒྲགས།

མཐུད་སྩོལ་གནང་ཡོང་བའི་རེ་ཞུ་རྒྱུན་ཆན་མེད་པར་གོ་སྒྲིག་ཚོགས་ཆུང་དང་ཆུ་སྒང་དབུས་རྒྱུན་ལས་ཁུངས་སུ་འབྱོར་བཞིན་ཡོད་ན། གོ་སྒྲིག་ཚོགས་ཆུང་གི་ངོས་ན་གནད་དོན་གལ་ཆེན་གཉིས་གསལ་བསྒྲགས་དགོས་པ་གཤམ་གསལ།

༡༽ གཟེངས་བསྟོད་ཕྱག་འཁྱེར་འབུལ་ཕྱོགས་སྐོར་ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༡༦ མཇུག་བསྡོམས་མཛད་སྒོའི་ཐོག་མུ་མཐུད་འབུལ་རྒྱུ་ཡིན་སྟབས། དོ་བདག་བྱས་རྗེས་ཅན་རྣམས་ནས་རང་རང་སོ་སོའི་ལོ་རྒྱུས་ཚིག་འབྲུ་ ༡༥༠ ལས་མི་མང་བ། ཉེ་ལམ་གྱི་ཕྱེད་པར་གསུམ་རེ་བཅས་ཕྱི་ཟླ་ ༣ པའི་ནང་ཚུན་སོ་སོ་ཁོངས་གཏོགས་ཆུ་སྒང་ས་རྒྱུན་ཁག་ལ་འབུལ་དགོས་པ་དང༌། ས་རྒྱུན་ཁག་ནས་ཀྱང་འགན་རྐང་ལེན་གྱིས་མཚན་ཐོ་མུ་མཐུད་བསྡུ་རུབ་བྱས་ཏེ་ཕྱི་ཟླ་ ༣ པའི་འགན་འཛིན་ལྷན་ཚོགས་སྐབས་མཚན་ཐོ་གང་ཡོད་དེ་དུས་མཉམ་དུ་བསྣམས་ཕེབས་དགོས་ཤིང༌། དེའི་རྗེས་སུ་འབྱོར་བ་རྣམས་རྩ་འཛིན་བྱེད་རྒྱུ་མིན་པས་སོ་སོའི་ཁྱབ་ཁོངས་ཕྱག་ཁྱེར་བཞེས་མཁན་སུ་ཡོད་ལ་མ་གོ་མ་ཐོས་མེད་པར་ལན་བརྡ་གསལ་པོ་གནང་སྐྱོང་ཡོང་བ་ཞུ།

༢༽ དུས་དྲན་སྲུང་བརྩིའི་མཛད་རིམ་དུ་ཆུ་སྒང་སྦྱིན་བདག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དྲན་རྟེན་སློབ་ཡོན་ཞེས་པ་བཙུགས་ཏེ། རང་རེ་མདོ་སྟོད་ཕྲུ་གུ་གཉིས་ལ་མཐོ་སློབ་ཀྱི་སློབ་ཡོན་རང་གཞུང་ཤེས་རིག་ལྷན་ཁང་ནས་འབུལ་ལམ་ལྟར་འབུལ་རྒྱུའི་ཐག་བཅད་ཟིན་པའི་ཁོངས། གཅིག་རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲགས་ཀྱི་བུ་མོར་ཕུལ་རྒྱུ་ཚོགས་མི་ཡོངས་ནས་སྤྱི་མོས་ཐག་གཅོད་ཟིན་ཅིང༌། གཅིག་ཤོས་ ༢༠༠༩ ལོར་འཛིན་གྲྭ་ ༡༢ ཐོན་པའི་རང་རེ་ཕྲུ་གུ་གཅིག་རྒྱན་གཡུག་གི་ལམ་ནས་འདེམས་སྒྲུག་བྱེད་རྒྱུ་དང༌། ལས་གཞི་དེའང་དབུས་རྒྱུན་གྱིས་མཇུག་སྐྱོང་གནང་རྒྱུ་ཡིན་ན། ༢༠༠༩ ལོར་སོ་སོའི་ཁྱབ་ཁོངས་འཛིན་གྲྭ་ ༡༢ ཐོན་པའི་སློབ་ཕྲུག་ཆུ་སྒང་གི་ལག་དེབ་ཡོད་ཅིང༌། ཡིག་ཚད་ཀྱི་གྲུབ་འབྲས་བརྒྱ་ཆ་ ༦༥ ཡན་ལོན་པའི་ཕྲུ་གུའི་མཚན་གཞུང་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣༠ ནང་ཚུད་དབུས་ཆུ་སྒང་རྒྱུན་ལས་ལས་ཁང་དུ་འབུལ་དགོས་པ་དེ་དོན་དགོངས་འཇགས་འཚལ།

༥༠ དུས་དྲན་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༡ ལ།།

 

 
Share this:
༢༤ ཀློག་གྲངས།