འབྲས་སྤུངས་ཆོས་སྒར་དུ་ཆོས་ཚན་འགྲེམས་སྟོན་ཐེངས་དང་པོ།

གཞན་ཡང༌། ྋགོང་ས་མཆོག་གིས་དུས་རྟག་ཏུ་ནང་ཆོས་དང་ཚན་རིག་དབར་གྱི་རྒྱུན་ཤེས་སོགས་བོད་མི་སེར་སྐྱ་མང་ཚོགས་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས་སྐོར་ཡང་ནས་ཡང་དུ་གསུངས་པ་གཞིར་བཟུང་ཐོག་དེ་རིང་ས་གནས་འདིའི་སེར་སྐྱ་མི་མང་ཡོངས་ལ་འགྲེམས་སྟོན་བྱེད་བཞིན་ཡོད། ང་རང་ལ་མཚོན་ན་ཚན་རིག་མང་པོ་ཞིག་སྦྱང་མྱོང་ཡོད་ལ། ད་ལྟའང་འགྲེམས་སྟོན་འདིའི་ཐད་ལ་ང་རང་གིས་བསམ་བློ་ནན་གྱིས་བཏང་བའི་མཐར་སློབ་གྲྭའི་དགེ་རྒན་རྣམས་དང་འབྲེལ་མོལ་གོ་བསྡུར་མང་པོ་བྱས་ཐོག་ངས་གྲོས་གཞི་དེ་ལག་ལེན་དངོས་སུ་འཁེལ་བ་རེད་ཅེས་གསུངས་གནང་སོང༌། དེ་བཞིན་མོན་གྷོ་ས་གནས་འདིའི་ཁོངས་ཀྱི་གྲོང་སྡེ་ཆོས་སྒར་ཁག་སོ་སོའི་སློབ་གྲྭ་ཆེ་ཆུང་ཁག་གི་ཚན་རིག་དགེ་རྒན་ཚོ་གཙོས་པའི་སློབ་ཕྲུག་ཡོངས་ལ་མགྲོན་བརྡ་བཏང་བ་བཞིན་ཕེབས་ཡོད་པ་དང༌། ཆོས་སྡེ་ཆེ་ཁག་གཉིས་ཀྱི་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱི་གཙོས་པའི་མཁན་གདན་ཟུར་བླ་སྤྲུལ་དགེ་འདུན་པ་དང་ཆོས་སྡེ་ཁག་གི་དགེ་འདུན་པ་ཡོངས་རྫོགས་རིམ་བཞིན་ཆོས་ཚན་འགྲེམས་སྟོན་དེར་གཟིགས་པར་ཕེབས་ཡོད་པ་རེད། ད་དུང་སྡེ་ཚན་ཆེ་ཆུང་ཁག་གི་འགན་འཛིན་སོགས་གནད་ཡོད་མི་སྣ་སོགས་ཀྱང་ཕེབས་འདུག་དང༌། འདི་ལྟ་བུའི་འགྲེམས་སྟོན་གོ་སྒྲིག་མུ་མཐུད་གནང་ན་མང་ཚོགས་དང་སློབ་ཕྲུག་ཡོངས་ལ་ཆོས་དང་ཚན་རིག་གི་གོ་རྟོགས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་ཚུལ་བརྗོད་མཁན་མང་པོ་འདུག། ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།

Share this:
༩༥ ཀློག་གྲངས།